ཟླ7པའི་ཚེས29ཉིན། སྐབས་བཅུ་བཞི་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་ཟུང་གི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གཉིས་པ་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
སྐབས་བཅུ་བཞི་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་ཟུང་གི་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གཉིས་པ་ཚེས29ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧུའུ་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་བསྟན་དོན། ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། མཐོ་རིམ་སློབ་གསོའི་བཅོས་བསྒྱུར་ལ་གཏན་འཇགས་ངང་སྐུལ་འདེད་བཏང་བ། ཕྱོགས་ཡོངས་ནས་འཇོན་མིའི་རང་བདག་གསོ་སྦྱོང་སྤུས་ཚད་མཐོར་འདེགས་གཏོང་བ། དུས་རབས་གསར་བའི་མཐོ་རིམ་སློབ་གསོ་དང་འཇོན་མིའི་གསོ་སྐྱོང་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དགོངས་པ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ་བཅས་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། འགན་འཁྲི་ལག་བསྟར་དང་ཇུས་འདོན་བྱེད་པར་ཤུགས་སྣོན་པ། ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་ནས། གྲོས་མོལ་སྲིད་གླེང་གིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་ཐད་དམིགས་གཏད་ཤུགས་འདོན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐོ་རིམ་སློབ་གསོའི་བཅོས་བསྒྱུར་དང་འཇོན་མིའི་རང་བདག་གསོ་སྐྱོང་གནད་དོན་ཐད་ནས་གཏིང་ཟབ་ཏུ་ཞིབ་འཇུག་བྱས་ཏེ། གནད་འཁེལ་དང་དངོས་གཉེར། སྤྱོད་བདེ་བཅས་ཀྱི་ཐབས་ཇུས་དང་གྲོས་གཞི་སྔར་ལས་མང་བོ་འདོན་དགོས། སློབ་གསོའི་ཚན་རྩལ་འཇོན་མིའི་རྐྱེན་སྲོལ་སྒྲིག་ལུགས་ཀྱི་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ལ་གཅིག་འདོམ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་དྲིལ་སྒྲོག་དང་རྒྱས་འགྲེལ་བྱས་ནས་བཅོས་བསྒྱུར་གྱི་ཐུན་མོང་ལྟ་ཚུལ་རྒྱ་ཆེར་གཅིག་སྒྲིལ་བྱེད་དགོས། རང་གི་ལས་གནས་ལ་རྐང་འཛུགས་པ་དང་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ནས། ཧུར་ཐག་སྒོས་མཐོ་རིམ་སློབ་གསོའི་བཅོས་བསྒྱུར་འཕེལ་རགྱས་དང་འཇོན་མིའི་རང་བདག་གསོ་སྐྱོང་ལ་རོགས་འདེགས་བྱེད་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་བཅུ་ཡིས་གཏམ་བཤད་སྤེལ། ཚང་མས་བལྟས་ན། སློབ་གསོར་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་ཁ་གཏད་དེ། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཡང་དག་པའི་མིའི་གསོ་སྐྱོང་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མཐོ་རིམ་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོའི་གཅིག་འབྲེལ་རྐྱེན་སྲོལ་བཙུགས་ཏེ། མིས་བཟོས་རིག་ནུས་ཀྱིས་མཐོ་རིམ་འཇོན་མིའི་གསོ་སྐྱོང་རྣམ་པའི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་དང་སློབ་གསོའི་འདྲེས་སྦྱོར་དང་ཚན་རིག་དང་སློབ་གསོའི་མཉམ་འདྲེས་ལ་ཤུགས་སྣོན་བྱས་ཏེ། དགོས་མཁོའི་སྒུལ་ཤུགས་སྲ་བརྟན་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་བསྣོལ་སྦྲེལ་ནུས་སྩོལ་དང་རྩེར་སོན་འཇོན་མི་གསོ་སྐྱོང་བྱས་ནས། རྒྱལ་སྤྱི་ཅན་གྱི་ཚན་རིག་སློབ་གསོའི་གསར་གཏོད་སྟེགས་བུ་དང་ཆུ་ཚད་མཐོ་བའི་འཇོན་མིའི་གསོ་སྐྱོང་མ་ལག་བཙུགས་ནས། ཐོན་སྐྱེས་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་ཆེད། འཇོན་མིའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་འདོད།
སློབ་གསོ་པུའུ་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་མཉམ་དུ་གྲོས་མོལ་དང་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།