ཟླ7པའི་ཚེས29ཉིན། ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་ཏི་ཝུན་ཤར་མའི་ཙུང་ཐུང་ཨོ་ཨར་ཐཱ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས29ཉིན་པེ་ཅིང་ནས་སོ་སོར་ཏི་ཝུན་ཤར་མའི་ཙུང་ཐུང་ཨོ་ཨར་ཐཱ་དང་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ལ་མཇལ་འཕྲད་གནང་།
ཨོ་ཨར་ཐཱ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཏི་ཝུན་ཤར་མ་ནི་སྲོལ་རྒྱུན་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨོ་ཨར་ཐཱ་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་མཆོང་བསྐྱོད་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏི་ཝུན་ཤར་མ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། མཛའ་མཐུན་བཟོད་སྒོམ་གྱི་འདུ་ཤེས་རྒྱུན་འཁྱོངས་དང་ལག་ལེན་བྱས་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མུ་མཐུད་དུ་ཏི་ཝུན་ཤར་མའི་དམངས་གཙོ་གྲོས་ཁང་བར་གྱི་མཛའ་བརྩེའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་རྟོག བཅོས་བསྒྱུར་ཟབ་སྤེལ་སོགས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་རང་རང་གི་དར་རྒྱས་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།
ཨོ་ཨར་ཐཱ་ཡིས་བསྟན་དོན། ཀྲུང་གོ་ནི་ཏི་ཝུན་ཤར་མའི་ཆེས་གལ་ཆེ་བའི་མཉམ་ལས་གྲོགས་པོ་དང་འཕེལ་རྒྱས་གྲོགས་པོ་ཡིན། ཏི་ཝུན་ཤར་མས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ཅིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་བདེ་བསྐྲུན་འདོད་ཡོད་ཟེར།
ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར། ཏི་ཝུན་ཤར་མའི་ཙུང་ཐུང་ཨོ་ཐཱ་ཨར་གནམ་བདེ་སྒོ་མོ་ཆེ་ཐང་ཆེད་དུ་སོང་ནས མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
ཟླ7པའི་ཚེས29ཉིན། ཀྲའོ་ལི་ཅི་ཡིས་པེ་ཅིང་ནས་དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ལ་མཇལ་འཕྲད་གནང་།
མཱེ་ལོ་ནེ་ལ་མཇལ་འཕྲད་བྱེད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ཐཱ་ལེའི་མགོ་ཁྲིད་པའི་སྣེ་ཁྲིད་དང་སྐུལ་འདེད་འོག ཀྲུང་གོ་དང་དབྱི་ཐཱ་ལེའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་བདེ་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་དབྱི་ཐཱ་ལེའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་འགྲོ་འོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཤིང་། མུ་མཐུད་དུ་ཀྲུང་གོ་དང་དབྱི་ཐཱ་ལེའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་བྲིས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ཐད་དྲང་ཕྱོགས་ནུས་ཚད་སྔར་ལས་མང་བོ་འདོན་སྤྲོད་བྱེད་དགོས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་དབྱི་ཐཱ་ལེའི་གྲོས་ཁང་དང་མཉམ་དུ་དུས་བཅད་ཀྱི་བརྗེ་རེས་རྐྱེན་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་མང་བོ་དང་ཁྱབ་ཁོངས་ཆེན་པོ། ཐབས་ལམ་མང་བོའི་མཛའ་མཐུན་འགྲོ་འོང་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།
མཱེ་ལོ་ནེ་ཡིས་བསྟན་དོན། དབྱི་ཐཱ་ལེ་དང་ཀྲུང་གོའི་འབྲེལ་བའི་རྒྱུན་རིང་ཞིང་གཏན་འཇགས་ཡིན་པ་དང་། འོད་སྟོང་འབར་བའི་ལོ་རྒྱུས་བཞུར་རྒྱུན་ཁྲོད་ཤར་ནུབ་ཕྱོགས་ཀྱི་མཛའ་བརྩེའི་འབྲེལ་ཟམ་བཙུགས་ཡོད། ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། དབྱི་ཐཱ་ལེ་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།