ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས།
2024.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ7པའི་ཚེས27ཉིན་དང་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། རེའུ་མིག་གཅིག་དང་གསལ་ཕྲ་གཅིག པར་རིས་གཅིག རྐྱེན་སྲོལ་གཅིག་གི་བྱ་བའི་རེ་བ་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ལ་ཤུགས་སྣོན་པ། དུས་ཚིགས་གསུམ་པར་འབད་འབུངས་ཆེན་པོ་བྱེད་པ་དང་དུས་ཚིགས་བཞི་པར་རྒྱལ་ཁའི་ཕུ་ཐག་གཅོད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གནད་ཕིགས་ཐབས་སྤྱོད་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།

རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཐིན་དང་ཅུའུ་ཡི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་དུ་སོང་ནས། ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ་དང་། རྒྱུ་ཆས་ལས་རིགས་འཕེལ་རྒྱས་དང་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་། བཟོ་ལས་དཔལ་འབྱོར་འཁོར་རྒྱུག འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཕྱིར་འཚོང་གི་ནང་འདྲེན་ཕྱིར་གཏོང་། རྒྱལ་དམངས་དཔལ་འབྱོར་གྱི་རྩིས་བཤེར་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། བྱ་བའི་སྤྱིའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། བརྟན་འཇགས་ངང་འཕར་སྣོན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙིགས་སུ་འཛིན་པ། ལས་འགན་བྱེད་ཐབས་སྔར་ལས་ཇེ་ཞིབ་ཏུ་གཏོང་བ་དང་བྱ་བར་གཅིག་འདོམས་བྱེད་པར་ཤུགས་སྣོན་པ་དང་། ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། སྤྱོད་ཚུལ་འགན་སྲུང་ཇེ་དྲག་ཏུ་བཏང་སྟེ། ཧུར་ཐག་གིས་བྱ་བ་སྣ་ཚོགས་ཐམ་སྐས་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཡོངས་ལ་དམིགས་པ་དང་འགན་ནུས་ཇེ་དྲག་ཏུ་བཏང་ནས། བཟོ་ལས་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། འཁོར་རྒྱུག་གི་ལྟ་ཞིབ་ལ་ཤུགས་སྣོན་པ། ལས་འགན་བགོ་བཤའ་ཞིབ་མོ་བྱེད་པ། བྱ་བའི་བྱེད་ཐབས་དམ་འཛིན་བྱས་ཏེ། བཟོ་ལས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱེད་པའི་མཁྲེགས་གཏོར་གཡུལ་འགྱེད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་དགོས། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོ། ཁེ་ལས་གཙོ་བོ་གཙིགས་སུ་འཛིན་པ་དང་། བཀོད་གཏོང་ནན་མོ་བྱེད་པར་ཤུགས་སྣོན་པ། རིགས་མི་འདྲ་བའི་སྲིད་ཇུས་སྣ་ཚོགས་ལག་བསྟར་གནད་ལ་འཁེལ་བ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ། དུས་ཐོག་ཏུ་མཐུན་སྦྱོར་བྱས་ནས་དཀའ་ཁག་དངོས་ཐག་བཅད་དེ། ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་སྔར་ལས་བཟང་བོ་བསྐྲུན་དགོས། ལས་གཞིའི་དངུལ་གཏོང་དང་ཚོང་འགུག་དངུལ་འདྲེན་སོགས་བྱ་བ་དམ་འཛིན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་གསོག་ཚད་བརྟན་འཇགས་སུ་གཏོང་བ་དང་འཕར་ཚད་རྒྱ་སྐྱེད་པ། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་ནས། དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཚོང་དོན་བྱ་བའི་ཐད་ཀྱི་ཕྱི་ནང་མཉམ་འབྲེལ། མཁར་གྲོང་མཉམ་མཐུད། ཐོན་འཚོང་སྦྲེལ་མཐུད་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བསྐྱར་འཕར་ཇེ་ལེགས་སུ་འགྲོ་བའི་ཐད་ཚོང་དོན་གྱི་བྱས་རྗེས་འཇོག་དགོས། ས་ཁུལ་གཙོ་བོ་དང་གླིང་ཁུལ། ལས་རིགས། ཁེ་ལས་བཅས་གཙིགས་སུ་འཛིན་པ་དང་། དམིགས་ཚད་གཙོ་བོ་དང་རྒྱུ་རྐྱེན་གཙོ་བོ། ཆ་རྐྱེན་གཙོ་བོའི་འགྱུར་ལྡོག་ལ་དམིགས་པ། དུས་མཚམས་གཙོ་བོ་དང་དུས་ཆེན། བྱ་འགུལ་གྱི་ཕན་འབྲས་དམ་འཛིན་བྱེད་པ། སྲོལ་རྒྱུན་གྱི་འཛད་སྤྱོད་རྒྱ་སྐྱེད་པ་དང་། རིགས་གསར་བའི་འཛད་སྤྱོད་སྐྱེད་སྲིང་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཕྱི་འཚོང་གི་ཕྱིར་གཏོང་ནང་འདྲེན་རྒྱ་སྐྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་དྲིལ་སྒྲོག་དང་འགྲེལ་ཀློག་བྱེད་ཤུགས་སྔར་ལས་ཆེར་གཏོང་བ་དང་། ཁ་གཏད་རང་བཞིན་སྔར་ལས་མང་པོ་ལྡན་པའི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ། སྲིད་ཇུས་ཀྱི་བསྒྱུར་ཚད་དང་ཐད་སྤྱོད་ཚད། ཁེབས་ཚད་ཇེ་མཐོར་གཏོང་དགོས། གནད་དོན་ཐག་གཅོད་པ་དམ་འཛིན་བྱེད་པ་དང་། འཕར་སྣོན་བྱེད་པར་བརྟེན་ནས་ཆད་འཇོག་ལ་ཁ་གསབ་བྱེད་པའི་བྱ་བའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཚོང་དོན་དཔལ་འབྱོར་བརྟན་འཇགས་ཁྲོད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས། གཞི་གྲངས་ཀྱི་སྤུས་ཚད་གཞི་རྩ་རུ་འཛིན་པ་དང་བཅོས་བསྒྱུར་ཟབ་སྤེལ་བྱེད་རྒྱུ་སྒུལ་ཤུགས་སུ་བརྩི་བ། ཚན་རྩལ་གསར་གཏོད་འདེགས་སྐྱོར་རུ་བརྩི་བ། ཁྲིམས་སྐྱོང་ལྟ་སྐུལ་འགན་སྲུང་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བསྡོམས་རྩིས་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་བསྡོམས་རྩིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། བསྡོམས་རྩིས་པ་དང་དབྱེ་ཞིབ་པ། གཅིག་འདོམས་པ། ཇུས་འདོན་པ་བཅས་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་བྱེད་པ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བདེན་དངོས་ཡང་དག་དང་ཆ་ཚང་དུས་ཐོག་ཏུ་བསྡོམས་རྩིས་ཀྱི་གཞི་གྲངས་འདོན་སྤྲོད་བྱེད་པ། འཕེལ་ཕྱོགས་དབྱེ་ཞིབ་དང་སྔོན་བརྡའི་དབྱེ་ཞིབ་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། བསྡོམས་རྩིས་ཀྱི་ལམ་བུ་གེགས་མེད་ཡོང་བར་བྱེད་པ། མཐུན་སྦྱོར་མཛུབ་སྟོན་ལ་ཤུགས་བསྣན་ནས། ཞབས་ཞུ་ཇུས་ཆོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།

ཝང་ལེན་ཧུའུ་དང་ལིའུ་ཁྲའོ། ཝང་ཧའེ་ཧུང་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།