ཟླ7པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ལ། གོ་རིམ་རྗེས་མའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གི་གནད་འགག་དུས་སྐབས་སུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཞོད་འགོག་འབྲུབ་འགོག་དང་གནོད་སྐྱོབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་བརྩེ་བ་ཟབ་མོ་མངོན་པར་བྱས་ལ། ཏང་ཀྲུང་དབྱང་གིས་མིག་སྔར་གྱི་ཞོད་འགོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན། སྔོན་ཏག་ཏག་ལ་རང་ཞིང་དུ་ཆར་བ་ཆེན་པོ་བབས་པ་དང་། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འགོག་རྒོལ་ནན་མོ་བྱེད་པའི་ཚད་མཐའི་བསམ་བློ་དང་དུས་ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཁྱེར་ནས་སྟོབས་ཤུགས་ཡོད་རྒུས་ཞོད་འགོག་བྱས་ཏེ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས། མིག་སྔར། རང་ཞིང་ད་དུང་ཆར་ཆུ་རྒྱས་པའི་དུས་སྐབས་སུ་གནས་པས། ཞོད་འགོག་བྱ་བའི་ཛ་དྲག་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཚོད་རྩིས་ཆེན་པོའི་བསམ་བློས་ཐལ་དྲགས་པའི་ནམ་ཟླ་དང་འབྱུང་སྲིད་པའི་རང་བྱུང་གནོད་འཚེ་ཆེན་པོར་ཁ་གཏད་འཇལ་ནས། བྱ་བའི་རང་འགུལ་དབང་ཆ་ལག་ཏུ་དམ་པོར་འཛིན་དགོས། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔོན་དུ་བཀོད་འདོམས་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཉམ་འབྲེལ་བྱས་ཏེ། ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ངོས་འཛིན་གསལ་བོ་བྱེད་པ་དང་རྩོད་སྒྲུབ་སྒོས་ལྟ་སྟངས་འཛིན་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱིའི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པའི་ཐར་ལམ་བཙལ་ནས། རང་ས་ཆའི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བརྩི་བ། བརྟན་འཇགས་ངང་འཕར་སྣོན་བྱེད་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། དཔལ་འབྱོར་བྱ་བའི་མདུན་ལྟ་རང་བཞིན་དང་རང་འགུལ་རང་བཞིན། དུས་ཕན་རང་བཞིན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། སྲིད་ཇུས་དང་ཚོང་ར། ཁེ་ལས། བསྡོམས་རྩིས་སོགས་གནས་མང་པོ་ནས་ཤུགས་འདོན་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་གསུམ་པ་དང་གཉིས་པ། དང་པོ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་དགེ་མཚན་ཐོན་ལས་ཀྱི་འཕར་སྣོན་གནས་བབ་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་ལ་སྣེ་ཁྲིད་པའི་ནུས་པ་ཇེ་མཐོར་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པའི2024ལོ་ནས2028ལོའི་འཆར་འགོད་རྩ་གནད་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྲུང་སྐྱོང་གཉིས་གཙིགས་འཛིན་བྱས་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་དགོས། དེང་རབས་ཅན་གྱི་དམིགས་འབེན་གཙིགས་སུ་བཟུང་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་པ། འཐབ་རྩོད་སྙིང་སྟོབས་དང་འཐབ་རྩོད་ནུས་པ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་དགོས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་གཙིགས་སུ་བཟུང་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་དང་དཔེ་གཞིས་བཅོས་བསྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་རྒྱུ་དེ་ཚན་ཁག་འཛུགས་སྐྲུན་གྱི་གོ་རིམ་ཧྲིལ་བོ་དང་དུས་རིམ་སོ་སོ་རུ་དོན་འཁྱོལ་བཟང་བོ་བྱེད་དགོས།
ཚོགས་ཐོག་ཏུ་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་འཇོན་མི་བསྡུ་རུབ་བྱེད་པའི་བྱེད་ཐབས་བཅུ་ལ་གྲོས་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།