ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ7ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མིག་སྔར་གྱི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་ཐད་ཀྱི་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་བསམ་ཚུལ་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་སྟེ། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་དགོས་ན། ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་གྲུབ་པར་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཁོག་སྙོམ་སྒྲིག་ནུས་ཚད་ཆེ་རུ་གཏོང་བ། གསར་གཏོད་སྒུལ་ནུས་འཕེལ་རྒྱས་གཏིང་ཟབ་གཏོང་བ། ནང་མཁོའི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱེད་པ། སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ། བདག་གཉེར་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ། ཚོང་རའི་སྔོན་སྐབས་བརྟན་འཇགས་སུ་གཏོང་བ། སྤྱི་ཚོགས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲུང་འཛིན་བྱེད་པ། དམངས་ཚིས་ལེགས་བཅོས་དང་དེར་འགན་སྲུང་བྱེད་པ། སྤྱི་ཚོགས་བརྟན་འཇགས་སྲུང་འཛིན་བྱེད་པ་སོགས་མཐའ་འཁྱོལ་སྒྲུབ་སྟེ། བླ་རྩ་བརྟན་པོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངག་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་སྐོར་གྱི་འབྲེལ་ཡོད་བསམ་ཚུལ་མཚམས་སྦྱོར་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལིས། དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིན་ཅིན། དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཨིག་དབྱང་ཁྲང་ཆུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཁོ་ཚོ་ཀྲུང་གུང་ཀྲུང་དབྱང་གི་མིག་སྔར་གྱི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་སྐོར་གྱི་འཆར་འགོད་བསམ་ཚུལ་ལ་ཡོངས་སུ་འཐད་པ་ཡིན་པར་མ་ཟད། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མའི་ཐོན་ལས་དང་ལག་རྩལ་གཞི་རྩ་ཇེ་བརྟན་དུ་གཏོང་བ། ཚན་རྩལ་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ། རང་བྱུང་ཐོན་ཁུངས་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་བཟོ་བསྐྲུན་ཐོན་ལས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། སྐམ་སའི་ཐེ་ཝུན་དངུལ་གཏོང་གི་གློག་རྡུལ་ཆ་འཕྲིན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་རྒྱབ་སྐྱོར་བྱེད་པ། ན་གཞོན་རྣམས་ཀྱི་ལས་ཞུགས་རྒྱ་སྐྱེད་དང་ལས་གནས་ཇེ་བརྟན་དུ་གཏོང་བ། འཇད་སྤྱོད་སྲིད་ཇུས་ཀྱི་ནུས་ཚད་ཇེ་ཆེར་གཏོང་བ། ཁེ་ལས་དང་ཁང་སའི་ཐོན་ལས་བདེ་ཐང་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་གཏོང་བ་སོགས་ཀྱི་ཕྱོགས་ནས་བསམ་ཚུལ་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་གསུང་རྒྱུར། ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཁ་གཏད་འཇལ་དུས། ང་ཚོས་གནོན་ཤུགས་ཐེག་ཐུབ་པ་དང་ཧུར་བརྩོན་གྱི་བྱེད་ཕྱོགས་མངོན་ཡོད་ལ། སྤྱི་ཁོག་སྙོམ་སྒྲིག་ལ་ཤུགས་བསྣན་ཅིང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་འཇལ་ལ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོའི་རྒྱུན་བསྐྱངས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གོམ་སྟབས་གསར་བ་སྤོ་ཐུབ་པ་བྱུང་ཡོད།

ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལས་དོན་དཀའ་ཁག་དང་གནད་དོན་ཕྲན་ཙམ་ལ་འཕྲད་ཡོད་པ་ནི། འཕེལ་རྒྱས་ཁྲོད་དང་ཚུལ་སྒྱུར་ཁྲོད་ཀྱི་གནད་དོན་ཡིན་པས་འབད་འབུངས་མཐའ་འཁྱོལ་བྱས་ན་ཡོངས་སུ་སེལ་ཐུབ་པ་ཞིག་རེད། ང་ཚོས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་ངེས་ཤུགས་རྒྱུན་སྲིང་བྱེད་པ། གནད་དོན་དང་འགྲན་རྩོད་ལ་རང་འགུལ་གྱིས་ཁ་གཏད་ནུས་ལྡན་འཇལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་མས་ཀྲུང་གོའི་དཔལ་འབྱོར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བསྟོད་གླུ་ལེན་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ལོ་སྟོད་དུ་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བར་དམ་པོར་དམིགས་པ་དང་།  ཡུལ་བབ་དང་བསྟུན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་བཀག་མེད་ཡོང་བར་བྱེད་པ། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་མཐོ་རུ་གཏོང་བ། མིས་བཟོས་རིག་ནུས་དང་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་གནས་ནོར་སྲིད་ཀྱི་དཀའ་ཁག་སེལ་བ་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས་ཤིང་། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དམངས་གཙོ་ལྟ་སྐུལ་ལས་དོན་རྒྱུན་མཐུད་སྒོས་སྤེལ་ནས། ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་ཇུས་ཆོད་ཐད་གྲོས་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཚང་མར་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་བསྟན།

ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་། རྒྱལ་ཁབ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་པ་སྟེ། གཅིག་ནི་ཀྲུང་གུང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རྒྱ་ཆེའི་ཁོངས་མི་དང་འབྲེལ་ཡོད་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་དང་རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་རེ་འདུན་དང་རང་འགུལ་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། གཉིས་ནི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐུན་མོང་བསམ་བློ་དང་ཆབ་སྲིད་རྨང་གཞི་མུ་མཐུད་སྲ་བརྟན་བཏང་སྟེ། བསམ་བློའི་ངོས་ཤེས་དེ་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། གནས་བབ་དང་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ལྟ་སྟངས་ཡང་དག་བཟུང་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མདུན་སྐྱོད་ཁྲོད་ཀྱི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་དགོས། གསུམ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་མུ་མཐུད་ཐབས་ཇུས་དང་ནུས་ཤུགས་བཏོན་ནས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཏོན་པའི་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྔོན་སྐབས་ཞིབ་འཇུག་དང་འཆར་འགོད་བྱ་བ་སོགས་ལ་དམིགས་ཏེ་རྟོག་ཞིབ་གཏིང་ཟབ་སྤེལ་ནས། ཀྲུང་གུང་ཀྲུང་དབྱང་གི་ཚན་རིག་ཇུས་ཆོད་ཐད་གྲོས་གཞི་འདོན་སྤྲོད་བྱ་རྒྱུ་དེ་ཡིན།

ཧྲི་ཐའེ་ཧྥིན་དང་། ལིའུ་གོ་ཀྲུང་། ཧི་ལིས་ཧྥིན། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་ལ་ད་དུང་ཧྲའོ་ཧུང་དང་། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་དང་ཀྲང་ཨིན་ཏིས། ཅང་ལིས་ཕིན། ཨན་ལིས་ཅཱ། ལིས་ལིན་སོགས་ཡོད།

རིག་འཛིན་སྒྲོལ་བས་བསྒྱུར།