ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་བཤད་བྱས།
2024.07.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 101

ཉེ་ལམ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་འགྲེལ་ཟབ་མོ་བྱས་པར་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཕན་ཚུན་བརྗེ་རེས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་དངོས་སྒྲུབ་བྱེད་པར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚེས29ཉིན་ཞིང་ལས་དང་གྲོང་གསེབ་པུའུ་རུ་སྒྲོག་བཤད་སྙན་ཞུ་གནང་། ལིའུ་གོ་ཀྲུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང《ཆོད་དོན》གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་ལེན་པར་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་གསལ་འགྲེལ་ཟབ་མོ་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་སོ་སོ་དོན་འཁྱོལ་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞཱ་ཡིས་ཚེས29ཉིན་དམག་ཨུའི་ལས་ཁུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་གནང་། ཀྲང་ཡིའུ་ཞཱ་ཡིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བརྗོད་དོན་གཙོ་བོ་དང་། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་སོགས་ལ་དམིགས་ཏེ། དམག་དཔུང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཟབ་མོ་གནང་།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་མིན་ཨེར་གྱིས་ཉེ་ལམ་ཐེན་ཅིན་དུ་སྒྲོག་འགྲེལ་སྙན་ཞུ་གནང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》གྱི་ནང་དོན་གཙོ་བོ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་ཟབ་མོ་བྱས།

ཚོགས་འདུའི་རྗེས་སུ་ཁྲིན་མིན་ཨེར་གྱིས་ད་དུང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་ཕན་ཚུན་བརྗེ་རེས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།