ཞི་ཅིན་ཕིང་གིས་མཱ་ཏུའུ་ལོ་ཡང་བསྐྱར་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2024.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ7ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ཏུའུ་ལོ་ལ་གློག་འཕྲིན་བཏང་ནས། ཁོས་ཝེ་ནེ་ཙུའེ་ལཱ་པོ་ལིས་ཝ་ཨར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་མར་ཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་ཙུང་ཐུང་གིས་སྲིད་བཟུང་པའི་ཚུན་ལ། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱ་ནི་ཕན་ཚུན་ཡིད་རྟོན་བྱེད་པའི་གྲོགས་པོ་བཟང་པོ་དང་། མཉམ་དུ་འཕེལ་རྒྱས་འགྲོ་བའི་སྤུན་ཟླ་བཟང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་རང་གི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་ལ་ཧུར་བརྩོད་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ལ། ཝེ་ནེ་ཙུའེ་ལཱ་ཡིས་ཕྱི་ཕྱོགས་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་ལས་དོན་སྤེལ་བར་རྒྱབ་སྐྱོར་བརྟན་པོ་བྱེད་ངེས་ཡིན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། སྐུ་ཞབས་ཙུང་ཐུང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

རིག་འཛིན་སྒྲོལ་མས་བསྒྱུར།