ཁྲིན་ཀང་གིས་མཚོ་ཤར་གྲོང་ཁྱེར་གྱི་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
2024.07.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ7པའི་ཚེས30ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ཤར་གྲོང་ཁྱེར་གྱི་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་པ། ཏང་གི་ཆོས་ལུགས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་བརྩོན་བྱེད་པར་སྣེ་ཁྲིད་བྱེད་དགོས།

ཁྲིན་ཀང་གིས་བསྟན་དོན། མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་བྱེད་པ་དང་ཆོས་ལུགས་མང་པོ་མཉམ་གནས་བྱས་ཡོད། དུས་ཡུན་རིང་བོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ཆོས་ལུགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ལ། མི་རིགས་སོ་སོའི་བར་གྱི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། ཆོས་ལུགས་བྱ་བ་བཅའ་ཁྲིམས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་ཇེ་བརྟན་དུ་བཏང་།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཆོས་ལུགས་བྱ་བའི་ལས་འགན་གཙོ་བོ་ཡིན་པས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆོས་ལུགས་བྱ་བའི་ཡུན་རིང་རང་བཞིན་དང་མི་རིགས་རང་བཞིན། མང་ཚོགས་རང་བཞིན་སོགས་ཀྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱེད་པ། ཆོས་ལུགས་ལས་རིགས་ཐད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཁས་ལེན་ལྔ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། རང་ཞིང་གི་མི་རིགས་ཆོས་ལུགས་བྱ་བའི་ཁྲོད་གྲུབ་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་ཁྱད་སེལ་བྱེད་དགོས། ཕྱི་ཚུལ་བརྒྱུད་དེ་ངོ་བོ་མཐོང་ཐུབ་པ་དང་། ཁྲིམས་འགལ་ཆོས་ལུགས་བྱེད་སྒོའི་དབྱེ་འབྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས། ཆོས་ལུགས་ཀྱི་ཐལ་དྲག་བསམ་བློའི་སིམ་འཛུལ་ལ་མཐའ་གཅིག་ཏུ་འགོག་ཟོན་འགོག་རྒོལ་བྱེད་དགོས། ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་རྣམ་པ་སྤྱད་དེ་ཆོས་ལུགས་བྱ་བར་སྐུལ་འདེད་བཏང་སྟེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་མཐུན་པོ་ཡོང་བར་སྣེ་ཁྲིད་བྱེད་དགོས། ཆོས་ལུགས་ཀྱི་དགེ་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ། དེང་སྐབས་ལ་དམིགས་པར་མ་ཟད་ཡུན་རིང་ལ་ཡང་ཇུས་འགོད་བྱས་ནས། ཆབ་སྲིད་སྟེང་བློ་གཏད་ཆོག་པ་དང་ཆོས་ལུགས་སྟེང་ཤེས་རྒྱ་ཡོད་པ། ཀུན་སྤྱོད་སྟེང་མང་ཚོགས་ཀྱིས་ཁས་ལེན་བྱེད་པ། གནད་འགག་དུས་སྐབས་སུ་ནུས་པ་འདོན་ཐུབ་པའི་ཆོས་ལུགས་ཀྱི་དགེ་བཟོ་མི་སྣ་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཆོས་ལུགས་ཁྲོད་སིམ་པར་བྱས་ཏེ། ཆོས་ལུགས་ཞི་འཇམ་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་གྱི་སྣང་ཚུལ་བཟང་བོ་ཧུར་ཐག་གིས་གསར་སྐྲུན་བྱེད་དགོས།

ཚོགས་འདུའི་སྔོན་དུ། ཁྲིན་ཀང་མཚོ་སྔོན་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་སློབ་གླིང་དང་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་མྱུར་བགྲོད་ལྕགས་ལམ་ཁུལ་གསར་གྱི་མུའུ་སི་ལེན་ཆོས་ཁང་བར་མ། དཔའ་ལུང་ལམ་གཞིས་ཁུལ། དཔང་ལུང་རྫོང་ཚེ་མགུར་གྲོང་རྡལ་གཞི་གསར་མུའུ་སི་ལེན་ཆོས་ཁང་། ཞོན་ཧྭ་རྫོང་རག་ཤུལ་མདོ་ཡུལ་ཚོའི་ཧྲི་ཞང་སྡེ་བ་བཅས་ལ་རྟོག་ཞིབ་བྱེད་པར་སོང་།

ལིའུ་ཆི་ཧྥན་དང་ཝུའུ་ལཱ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལིས་ཧུང་ཡཱ་བཅས་ཚོགས་འདུར་ཞུགས་པར་མ་ཟད་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སྙན་ཞུའི་གཏམ་བཤད་སྤེལ།


རིན་ཆེན་མཚོས་བསྒྱུར།