རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས31ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔར་གྱི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བར་འདུམ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་སྡུར་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚན་རིག་གི་བརྡར་གཅོད་སྟེང་གཅིག་གྱུར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འབད་འཐབ་ཡར་བརྩོན་བྱེད་པ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་གཏིང་ཟབ་ཏུ་བསྒྲུབ་པ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་ཇེ་དྲག་ཏུ་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས། ཆེ་ཕྱོགས་ཀྱི་སྲིད་ཇུས་ལེགས་བསྒྱུར་བྱེད་པ་དང་ཤུགས་སྣོན་པ་དང་། ཆེ་ཕྱོགས་སྙོམ་འཛིན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཕྱིར་སྤེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་གནས་ཚུལ་གཞིར་བཟུང་ནས་ལག་བསྟར་དམ་འཛིན་བྱེད་པ་དང་སྤེལ་ཚད་ཇེ་མགྱོགས་སུ་གཏོང་བ་མ་ཟད། ལག་བསྟར་རང་བཞིན་ལྡན་པ་དང་གྲུབ་འབྲས་བཟང་བ། མང་ཚོགས་དང་ཁེ་ལས་ཀྱིས་མཐོང་ཐུབ་ཅིང་རེག་ཐུབ་པའི་ཚད་འཕར་སྲིད་ཇུས་བྱེད་ཐབས་སྐོར་ཞིག་ལ་ཞིབ་འཇུག་བྱེད་པ་དང་ཕྱིར་འདོན་དགོས། གཙོ་གནད་འབུར་ཐོན་དང་དཀའ་གནད་ཐག་གཅོད་པ་དང་། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱེད་པ། ཐོན་ཁུངས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འགག་སྒྲོལ་བྱས་ཏེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པ་དང་། གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་ངོ་བོ་རང་བཞིན་གྱི་གྲུབ་འབྲས་མང་པོ་ལེན་ཐུབ་པར་བྱེད་དགོས། སྔོན་དཔགས་བརྟན་འཇགས་དང་བརྡ་རྟགས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་བྱེད་ཐབས་བཟང་བོ་དང་བཅོས་བསྒྱུར་གྱི་འགུལ་སྐྱོད་དངོས་ལ་རྒྱབ་རྟེན་ནས། བརྡ་རྟགས་བཟང་བོ་སྔར་ལས་མང་པོ་ཕྱིར་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་མྱུར་དུ་དོན་འཁྱོལ་བྱེད་པ། བཅོས་བསྒྱུར་སྒུལ་ཤུགས་སུ་བརྩིས་ནས་འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཉེན་ཁ་འགོག་བཅོས་བྱས་ཏེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བར་འདུམ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་སྡུར་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་གཉིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད། ཚོགས་ཐོག་ནས་བསྟན་དོན། བར་འདུམ་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྒོ་འབྱེད་རྒྱ་སྐྱེད་པར་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགུལ་གྱིས་རྒྱལ་སྤྱིའི་སྔོན་ཐོན་སྒྲིག་སྲོལ་ཚད་གཞིར་འཛིན་པ། རང་རྒྱལ་གྱི་བར་འདུམ་གྱི་སྤྱི་རྟོན་ནུས་ཤུགས་དང་རྒྱལ་སྤྱིའི་ཤན་ཤུགས་རྒྱུན་མ་ཆད་པར་ཇེ་མཐོར་བཏང་ནས། ཚོང་ར་ཅན་དང་བཅའ་ཁྲིམས་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲས་གསར་སྐྲུན་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་གཏན་འབེབས་བྱེད་པ་གོ་སྐབས་སུ་བརྩི་བ་དང་། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། སྲིད་གཞུང་གི་གཙོ་ཁྲིད་བྱེད་པ་དང་ཕྱོགས་མང་ཟབ་ཞུགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར་བྱེད་པ་བཅས་གཅིག་གྱུར་བྱེད་པ་མངོན་འགྱུར་བྱེད་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།