ཞི་ཅིན་ཕིང་གིས“དམག་དཔུང་སྟོབས་ལྡན་གཏོང་བའི་ཧྲག་རྩལ་དམར་དམག་བརྒྱ་ཤོག་བཞི་པའི”དཔོན་དམག་ཡོངས་ལ་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་།
2024.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཧྲག་རྩལ་དམར་དམག་བརྒྱ་ཤོག་བཞི་པའི”དཔོན་དམག་ཡོངས་ལ་འཕྲིན་ལན་བསྐུར་ནས། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་མ་ཟད། བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་འཚམས་འདྲི་ཡང་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང། 2014ལོར་ངས་ཆེད་དུ་བརྒྱ་ཤོག་རུ་ཁག་ལ་རྟོག་ཞིབ་བྱས་པ་ཡིན།  ལོ་ངོ་བཅུའི་རིང་ལ། ཁྱོད་ཚོས་དམར་པོའི་ཁྲག་རྒྱུད་རྒྱུན་འཛིན་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་ཧྲག་རྩལ་ལྡན་པར་བྱེད་པའི་ཐད་ནས་སེམས་ཐག་གཙང་བཅད་བྱས་ནས། བདེ་བླག་ངང་ཚུལ་སྒྱུར་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པར་མ་ཟད། ཁུར་བའི་ལས་འགན་གཟེངས་སུ་ཐོན་པ་བཅས་བྱས་ནས། གྲུབ་འབྲས་གསར་པ་མི་ཉུང་བ་ཞིག་ཐོབ་ཡོད་པ་མཐོང་བས་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས། ཁྱོད་ཚོ་དམག་འཁྲུག་ལ་གྲ་སྒྲིག་བྱེད་པའི་འཐབ་ཕྱོགས་དང་པོར་ཡོད་པས། འགན་འཁྲི་ལྕི་ཞིང་འོས་འགན་གཟི་བརྗིད་ལྡན། ཁྱོད་ཚོས་དམག་ཨུའི་ཆབ་སྲིད་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་བརྟེན་ནས། བརྒྱ་ཤོག་འཛུགས་པ་དང་མི་སྣའི་གསོ་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། ལས་འགན་དང་འོས་འགན་ལག་བསྟར་ནན་མོ་བྱེད་པ། དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ནུས་ཤུགས་ཆེ་བ་དང་དམག་འཐབ་བྱེད་ཕོད་ཅིང་རྒྱལ་ཁ་ཐོབ་ངེས་པའི་བརྒྱ་ཤོག་ལེགས་པོ་འབད་པས་བསྐྲུན་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ནས་གྲུབ་འབྲས་བཟང་པོ་ཡང་བསྐྱར་ལེན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།