ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་སྡུར་གྲོས་ཚོགས་ཟླ7པའི་ཚེས31ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དམག་དར་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་དམ་པོ་བྱེད་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་བླང་བྱ་སྣ་ཚོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་བྱེད་པའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱས་ནས། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་འཕྲད་པའི་མངོན་སུམ་གྱི་གནད་དོན་ལ་མཉམ་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་དམག་དཔུང་གི་དཔོན་དམག དམག་དཔུང་གི་རིག་གནས་བྱ་བ་སྒྲུབ་མཁན། དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣ། དམག་དཔུང་ནས་ལས་འཁྱུར་ངལ་གསོ་དང་ལས་བྲལ་བྱས་པའི་ལས་བྱེད་པ། ལས་སྤོ་བྱས་པ་དང་དམག་ཁུངས་ནས་ཕྱིར་བུད་པའི་དམག་མི། གསར་བརྗེའི་རྨས་སྐྱོན་མི་སྣ། སྔོན་གཤེགས་དམག་མིའི་ཁྱིམ་མི་བཅས་ལ་དུས་ཆེན་གྱི་སྨོན་འདུན་དང་ཟོལ་མེད་ཀྱི་འཚམས་འདྲི་ཞུས།
ཁྲིན་ཀང་གིས་བསྟན་དོན། ན་ནིང་གི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་དམག་འཛུགས་བྱ་བ་བརྟན་བརླིང་དང་ཤུགས་ལྡན་པའི་ངང་སྤེལ་ལ། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་བཟང་བོ་བྱས་པ་དང་། གཞི་རིམ་གྱི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་བཏང་བས། དམག་དཔུང་བཅོས་སྐྱོང་ཐད་ཀྱི་འགྱུར་ལྡོག་ཧ་ཅང་མངོན་གསལ་ཡིན། རྒྱ་ཆེའི་དཔོན་དམག་དང་དམངས་དམག་གྲ་སྒྲིག་དམག་ཞབས་མི་སྣས་ས་གནས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། བྲེལ་དཀའ་ཉེན་ལྕིའི་ལས་འགན་ཁྲོད་ཞུགས་ཏེ། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་བྱས་རྗེས་གལ་ཆེན་བཞག རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དྲག་ཆས་དམ་འཛིན་དང་དྲག་ཆས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་རྒྱུན་མ་ཆད་ཇེ་དྲག་ཏུ་བཏང་ནས། དམག་དཔུང་དང་ས་གནས་མཉམ་ལས་ཐད་ནས་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་བསྒྱུར་དམག་དར་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་གྱི་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་རྒྱལ་སྲུང་དང་དམག་དཔུང་གི་བཅོས་བསྒྱུར་ཞིག་སྤེལ་ནས། མི་དམངས་དམག་དཔུང་གི་སྤྱི་ཁོག་རང་བཞིན་དང་གསར་བརྗེ་རང་བཞིན་གྱི་བསྐྱར་བཟོ་མངོན་འགྱུར་བྱུང་མ་ཟད། དམག་འཛུགས་ཀྱི་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོ་བསྒྱུར་བཞིན་པའི་སྒང་རེད། ཆབ་སྲིད་དམག་འཛུགས་རྒྱུན་འཁྱོངས་བྱེད་ན། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པར་སྔར་ལས་ཤུགས་སྣོན་དགོས། དམག་དཔུང་གི་བླ་སྲོག་བསྐྲུན་པ་དང་ཏང་གི་བཀོད་འདོམས་ལ་ཉན་རྒྱུ་དེ་རྣོ་ལྕགས་ལྟ་བུའི་ཆབ་སྲིད་ཡིད་རྟོན་བརྟན་པོ་རུ་བརྩིས་ནས། ནམ་ཡང་བློ་དཀར་བ་དང་ནམ་ཡང་ལྷད་མེད་པ། ནམ་ཡང་བློ་གཏད་ཆོག་པ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་ཧྲུའུ་ཅི་དང་པོས་ཏང་ཨུའི་དམག་དོན་གྲོས་སྡུར་དང་བྱ་བའི་སྙན་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས། བཅོས་བསྒྱུར་དམག་དར་རྒྱུན་འཁྱོངས་བྱེད་ན། རྒྱལ་སྲུང་སྐུལ་སློང་གི་རྣམ་པ་གསར་བ་འཛུགས་དགོས། མཚོ་སྔོན་གྱི་ཞིན་ཅང་དང་བོད་འབྲེལ་ས་ཆ་བརྟན་འཇགས་སུ་གཏོང་བའི་ཐད་ཀྱི་འཐབ་ཇུས་གོ་གནས་གཙིགས་སུ་འཛིན་པ་དང་། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་བསྒྱུར་གྱི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། དམག་འཁྲུག་དང་་བྲེལ་མྱུར་ལ་ཁ་གཏད་འཇལ་བ་དང་། ཞི་བདེ་དང་དམག་འཁྲུག་གཞི་གཅིག་ཅན་གྱི་སྐུལ་སློང་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ལག་བསྟར་བྱེད་པ་དང་འགན་འཁྲི་ཚད་ལྡན་དུ་བསྒྱུར་བ། ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། བཅོས་བསྒྱུར་གྱི་ཕན་ནུས་ཕྱིར་གཏོང་གང་ལེགས་བྱེད་དགོས། གོང་བཀུར་གཉིས་ལ་བརྟེན་ནས་དམག་དཔུང་འཛུགས་པ་རྒྱུན་འཁྱོངས་བྱེད་ལ། དམག་དཔུང་དང་ས་གནས་དང་དམངས་དམག་གི་མཐུན་སྒྲིལ་རྒྱུན་མཐུད་ངང་ཇེ་དམ་དུ་གཏོང་དགོས། གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དམག་དཔུང་དང་ས་གནས་མཉམ་བསྲེས་དང་མཉམ་འདྲེས་བྱེད་པ་དང་ཕན་ཚུན་ལ་སྐུལ་འདེད་གཏོང་བར་སྐུལ་མ་བཏང་ནས། དམག་དཔུང་གི་འཐབ་ཤུགས་གསར་མ་གྲུབ་པར་སྐུལ་འདེད་གཏོང་བ་མ་ཟད། ས་གནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་རྒྱབ་རྟེན་བརྟན་པོ་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཇེ་དྲག་ཏུ་བཏང་ནས། བློ་སེམས་རྩེ་གཅིག་གིས་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་གཅུས་གཟེར་ཇེ་དམ་དུ་གཏང་དགོས། སྒྲིག་ལམ་སྤྱོད་ཚུལ་གཟབ་ནན་དུ་གཏོང་བ་དང་ཁ་གསལ་བོ་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་སྒྲིག་སྲོལ་དང་ཆབ་སྲིད་སྒྲིག་ལམ། དམག་དཔུང་གི་སྒྲིག་ལམ་གྱི་གཟབ་ནན་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་དམག་དཔུང་རྒྱལ་བར་བྱེད་པའི་དགེ་མཚན་དུ་བསྒྱུར་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དྲག་ཆས་དམ་འཛིན་བྱེད་པ་ནི་རྒྱལ་སྲུང་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པ་དང་གཏིང་ཟབ་ཏུ་བསྒྲུབ་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིས་ཧྲིན་ལེ་ཡིས2023ལོའི་ལོ་སྨད་ཀྱི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་གྱི་གནས་ཚུལ་ཡར་ཞུ་བྱས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ནུབ། མཚོ་བྱང་། མཚོ་ལྷོ། མཚོ་ཤར་བཅས་ཀྱི་ཡན་ལག་དམག་དཔུང་དང་ཟི་ལིང་ཉེན་ཟོན་བདེ་སྲུང་དམག་ཁུལ་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་པོས་ཏང་གིས་དྲག་ཆས་དམག་དཔུང་ལ་དོ་དམ་བྱེད་པའི་བྱ་བའི་ཐད་ཀྱི་སྙན་ཞུ་ཕུལ། ཚོགས་ཐོག་ཏུ་ད་དུང2023ལོའི་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པར་སྤྲད་པའི་འབྲེལ་ཡོད་དཀའ་གནད་དང་གནད་དོན་ཐད་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕེན་དང་ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞཱ། ཚེ་རིང་ཐར། ཝང་ཏཱ་ནན། ཝང་ལེན་ཧུའུ། ཝུའུ་ལཱ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་འགོ་ཁྲིད་དབྱང་ལུང་ཞི་དང་རྣམ་རྒྱལ། དབྱང་ཁི་ཞང་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།