ཟླ7པའི་ཚེས31ཉིན། ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་ཚད་ལྡན་ཅན་གྱི་བཅོས་སྐྱོང་འཛུགས་སྐྲུན་བྱེད་པའི་གཅིག་བསྡུས་སྦྱོང་བརྡར་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དར་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཆབ་སྲིད་བཅོས་སྐྱོང་སྦྱོང་བརྡར་འདིའི་མི་དམངས་དམག་དཔུང་གི་ལྷད་མེད་གཟི་བརྗིད་ནམ་ཡང་མི་ཉམས་པར་བྱེད་པའི་ཐབས་མཆོག་བཀོལ་སྤྱོད་བཟང་བོ་བྱས་ནས། རྒྱལ་སྲུང་སྐུལ་སློང་དང་རྗེས་སྣོན་སྟོབས་ཤུགས་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན་དགོས།
ཁྲིན་ཀང་གིས་བསྟན་དོན། ཞིང་ཆེན་དམག་ཁུལ་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དོན་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་དམིགས་འབེན་ལ་དམ་དུ་དམིགས་ལ། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལས་ཁུངས་སྟོབས་ལྡན་དང་གཞི་རིམ་སྟོབས་ལྡན། དམག་དཔུང་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་བ། གཡུལ་ས་ཇེ་བརྟན་དུ་བཏང་བས། ཚད་ལྡན་ཅན་གྱི་བཅོས་སྐྱོང་གཅིག་བསྡུས་སྦྱོང་བརྡར་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཞིང་ཆེན་དམག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གོམ་སྟབས་གསར་བ་བསྒྱུར།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩི་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་འབེན་གཙིགས་སུ་འཛིན་པ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པར་རྐང་བཙུགས་ནས། བཅོས་བསྒྱུར་གྱི་བསམ་བློ་དང་བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་པ་དང་། དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཆབ་སྲིད་ཀྱི་བཅོས་སྐྱོང་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་བ་དང་། ལངས་ཕྱོགས་བརྟན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། ཚད་ལྡན་ཅན་གྱི་བཅོས་སྐྱོང་གཅིག་བསྡུས་སྦྱོང་བརྡར་འཛུགས་སྐྲུན་གྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཆབ་སྲིད་བཅོས་སྦྱོང་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། དཔོན་དམག་གིས་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་དམག་དཔུང་གི་བླ་སྲོག་བསྐྲུན་པར་སྣེ་ཁྲིད་བྱེད་དགོས། བཅོས་བསྒྱུར་ལས་འགན་ལག་བསྟར་ཞིབ་མོ་བྱེད་པ་དང་། དུས་རབས་གསར་བའི་རྒྱལ་སྲུང་སྐུལ་སློང་འཛུགས་སྐྲུན་དང་བཅོས་བསྒྱུར་གོམ་སྟབས་ཀྱི་རྗེས་སྙེག་པ། དམག་འཐབ་གྲ་སྒྲིག་ལ་དམིགས་ནས་བཅོས་བསྒྱུར་གྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། དེང་རབས་དམངས་དམག་གི་སྟོབས་ཤུགས་མ་ལག་འཛུགས་པའི་དམིགས་འབེན་གཙིགས་འཛིན་བྱས་ཏེ། དམག་འཐབ་གཙོ་བར་ཞབས་འདེགས་ཞུ་བ་དང་རྒྱལ་ཁ་ལེན་པར་འགན་སྲུང་བྱེད་པའི་སྲོག་ཤིང་ནུས་པ་མཐོར་འདེགས་གཏོང་དགོས། གཞི་རིམ་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དངོས་འཐབ་ཅན་གྱི་ཁ་གཏད་རང་བཞིན་གྱི་སྦྱོང་བརྡར་ཟབ་བསྒྱུར་བྱེད་པ། མཐོ་སྒང་གི་རྒན་རབས་པའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ནས། དཔོན་དམག་གིས་འབད་འཐབ་ཁྲོད་འོད་སྟོང་འབར་བའི་ལས་འབྲས་བསྐྲུན་པ་དང་དམག་དར་ལས་དོན་ཐད་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱེད་དགོས། དམག་དཔུང་དང་ས་གནས་དང་དམངས་དམག་གི་མཐུན་སྒྲིལ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རོགས་ཤུགས་འདོན་པ་དང་གྲོང་གསེབ་དར་སྤེལ་ཐད་རོགས་འདེགས་བྱེད་པ། མི་རིགས་མཐུན་སྒྲིལ་བསྐྲུན་རོགས་བྱེད་པ། དམག་དཔུང་དང་ས་གནས་ཀྱི་དཀའ་གནད་ཐག་གཅོད་རོགས་བྱས་ཏེ། དམག་དཔུང་དང་ས་གནས་མཉམ་ལས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
ཚོགས་ཐོག་ཏུ་ཞིང་ཆེན་དམག་ཁུལ་གྱི་ཚད་ལྡན་ཅན་གྱི་བཅོས་སྐྱོང་འཛུགས་སྐྲུན་བྱེད་པའི་ཆེད་དོན་དངོས་བྲིས་གློག་བརྙན་ལ་བལྟས། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། ཆབ་སྲིད་ཨུ་ཡོན་དབྱང་ལུང་ཞི་ཡིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དམག་སྤྱི་ཆེན་མོ་ལིས་ཧྲིན་ལེ། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམ་རྒྱལ་དང་དབྱང་ཁི་ཞང་སོགས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།