ལིས་ཆང་གིས་ཧུའུ་ནན་དུ་གནོད་འཚེ་ཐེབས་པའི་མང་ཚོགས་ལ་འཚམས་འདྲི་གནང་།
2024.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ8པའི་ཚེས1ཉིན་ཧུའུ་ནན་ཁྲིན་ཀྲོའུ་རུ། གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་ཞོད་འགོག་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་གནང་། ཁོང་གིས་མིག་སྔར་ཞོད་འགོག་དང་གནོད་སེལ་གྱི་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་བར་བརྟེན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་སེམས་ཁྲལ་གནང་ནས། དེ་འབྲེལ་གྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་རབ་དང་རིམ་པ་གནང་ཡོད་ཅིང་། ང་ཚོས་ལག་ལེན་མཐར་ཕྱིན་ནན་མོ་བྱས་ནས་ཞོད་འགོག་དང་ཆུ་ལོག་གི་ཉེན་ཁ་འགོག་སེལ་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་སྟེ། ཆུ་འབྲུབ་མཚམས་མ་ཆད་ན་བསམ་བློའི་སྟེང་ལྷོད་གཡེང་མི་བྱེད་པ་དང་ཤུགས་ཚད་ཆུང་དུ་མི་མི་གཏོང་བར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་དོན་ལྡན་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་མིག་སྔར་ནུས་ཤུགས་ཡོད་རྒུས་འབྲེལ་ལམ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ། འབྲེལ་ལམ་ཆད་པའི་མི་སྣ་ཡོངས་རྫོགས་འཚོལ་སྐྱོབ་བྱེད་དགོས། གནོད་འཚེ་ཐེབས་པའི་གནས་ཚུལ་ཕྱོགས་ཡོངས་ནས་གང་མགྱོགས་སྒོས་རྟོགས་ཐུབ་པར་བྱེད་རྒྱུ་དང་། བགྲོད་ལམ་དང་གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་མྱུར་མོར་ཞིག་གསོ་བྱེད་རྒྱུ་དམ་འཛིན་བྱེད་པ། ཆུ་ལོག་དང་རི་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་ལ་དོགས་ཟོན་ནན་མོ་བྱེད་དགོས་ཞེས་གསུངས། ལིས་ཆང་གིས་འཐབ་ཕྱོགས་དང་པོ་རུ་བརྟན་སྲུང་བྱེད་མཁན་གྱི་ཉེན་སེལ་རོགས་སྐྱོབ་མི་སྣར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་ཚོས་བསྟུད་མར་དམག་འཐབ་བྱེད་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འཕྲལ་བསྟུན་ཉེན་སེལ་མུ་མཐུད་ཐག་གཅོད་ཡག་པོ་བྱེད་དགོས་པའི་དུས་མཚུངས་སུ། རང་ངོས་ཀྱི་བདེ་འཇགས་ལའང་དོ་སྣང་བྱེད་དགོས་པའི་རེ་བ་བཏོན།

དེའི་རྗེས་ལིས་ཆང་གིས་ཞོད་འགོག་དང་ཆུ་ལོག་འགོག་པའི་ཡུལ་དངོས་ཀྱི་བྱ་བའི་ཚོགས་འདུར་འགོ་འཛིན་གནང་། ཧུའུ་ནན་ཞིང་ཆེན་དང་ཙི་ཞིན་གྲོང་ཁྱེར། འཕྲལ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་སྙན་ཞུར་གསན་རྗེས། ལིས་ཆང་གིས་མིག་སྔར་ཞོད་འགོག་བྱ་བའི་གནད་འགག་དུས་སྐབས་སུ་སླེབས་ཡོད། ཞོད་འགོག་གི་མཐོ་རླབས་དང་ཆུ་རགས་ཤོར་བ་འགོག་བཅོས། ཞོད་སྐྱོན་ཕྱིར་འབུད་བཅས་ཀྱི་གནོན་ཤུགས་སྔར་ལས་ཇེ་ཆུང་དུ་སོང་མེད་པའི་དབང་གིས། ང་ཚོར་འཐབ་ཕྱོགས་མང་པོའི་དམག་འཐབ་དང་གནོད་འཚེ་མང་བའི་འགྲན་སློང་དང་འཕྲད་ཡོད། ཆུ་ལོག་སྔོན་འགོག་དང་ཆུ་ལོག་འགོག་སེལ་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཡག་པོར་བསྒྲུབ་དགོས་པ་དང་། ཉེན་ཁ་སྔར་ལས་ཆེ་ཙམ་ཡིན་པའི་བསམ་བློ་གཏོང་བ་དང་གྲ་སྒྲིག་སྔར་ལས་ཞིབ་ཚགས་བྱས་ཏེ། སྔོན་འགོག་དང་ཉུང་གཏོང་། རོགས་སྐྱོབ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་ནས་མཉམ་དུ་ནུས་ཤུགས་བཏོན་ནས། གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་པ་དང་གནོད་འཚེའི་གྱོང་གུད་ཆུང་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་འཕྲལ་བསྟུན་དང་ལེན་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་དམ་འཛིན་གང་ལེགས་བྱས་ཏེ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་སྔ་སྣུར་གྱིས་བློ་ཐག་རྦད་ཆོད་སྒོས་གནས་སྤོར་བྱས་ཏེ། མང་ཚོགས་མང་པོར་ཤི་རྨས་མི་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། ཉེན་སེལ་སྐོར་ཞིབ་དང་ཉེན་སེལ་རོགས་སྐྱོབ་ལ་མུ་མཐུད་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་སྔོན་འགོག་གི་བཟོ་སྐྲུན་ལ་བཀོད་གཏོང་བྱེད་པ། ཉེན་སེལ་དངོས་ཟོག་དང་སྒྲིག་ཆས་འདང་ངེས་གྲ་སྒྲིག་བྱ་བ་དམ་འཛིན་གང་ལེགས་བྱེད་པ། འཕྲལ་བསྟུན་རོགས་སྐྱོབ་ཀྱི་སྟོབས་ཤུགས་སྣ་ཚོགས་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། གནས་ཚུལ་ཐལ་དྲགས་པའི་འོག་ཉེན་སེལ་རོགས་སྐྱོབ་ཀྱི་དགོས་མཁོར་འགན་ལེན་བྱ་རྒྱུ་དང་། ཆུ་རགས་དང་ཆུ་མཛོད་གལ་ཆེན་དང་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། དུས་ཐོག་ཏུ་གནོད་སེལ་མ་དངུལ་གཏོང་བ་དང་གནོད་སེལ་དངོས་རྫས་གཏོང་འདྲེན་བྱེད་པ། འགན་བཅོལ་སྐྱིན་ཚབ་འཇལ་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། གཏོར་སྐྱོན་ཐེབས་པའི་ཁང་པ་ཉམས་གསོ་བྱས་ནས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ས་ཞིང་གསབ་འདེབས་དང་འདེབས་སྒྱུར་སོགས་ཀྱི་ལས་དོན་ལ་གང་མགྱོགས་སྒོས་ཇུས་འགོད་བྱས་ནས། གནོད་འཚེ་ཐེབས་པའི་རྗེས་ཀྱི་བསྐྱར་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་དགོས། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་བཟོ་སྐྲུན་ལས་གཞི་ཁག་གཅིག་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་རྒྱུ་དང་། ཆུ་ལོག་སྔོན་འགོག་བཟོ་སྐྲུན་དང་ཞིང་ཁའི་ཞོད་སྐྱོན་ཕྱིར་འབུད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཞོད་སྐྱོན་ཕྱིར་འབུད་ཀྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་དགོས་ཞེས་གསུངས།

ཝུའུ་ཀྲིན་ལུང་གིས་འཚམས་འདྲི་གནང་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།