རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས《དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བཀོད་སྒྲིག་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས།
2024.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཉིན་འགའི་སྔོན་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས《དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བཀོད་སྒྲིག་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》གི་དམིགས་ཡུལ་ནི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བཀོད་སྒྲིག་བྱ་བ་ཚད་ལྡན་དུ་གཏོང་བ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་བཀོད་སྒྲིག་འོས་འཚམ་བྱེད་པ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ཏེ་དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད། 《སྲོལ་ཡིག》ནང་ཁྱོན་བསྡོམས་ལེའུ11དང་དོན་ཚན93ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།

གཅིག་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བཀོད་སྒྲིག་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བཀོད་སྒྲིག་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་ལས་བགོས་ཁ་གསལ་བཟོ་དགོས།

གཉིས་ནི་བཀོད་སྒྲིག་བྱེད་སྟངས་གཅིག་གྱུར་འཆར་འགོད་བྱས་ནས་བཀོད་སྒྲིག་ཐོབ་ཐང་གཏན་འཁེལ་བྱེད་དགོས། དམག་ཁོངས་ནས་ཕྱིར་བུད་པའི་དམག་དཔོན་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། འོས་འགན་དམག་མི་བཅས་ཀྱི་བཀོད་སྒྲིག་བྱེད་སྟངས་ཁ་གསལ་བཟོས་ནས་བཀོད་སྒྲིག་བྱེད་སྟངས་སྣ་ཚོགས་ཀྱི་སྤྱོད་འཐུས་ཆ་རྐྱེན་དང་བལྟོས་བཅས་ཀྱི་བཀོད་སྒྲིག་ཐོབ་ཐང་གཏན་འབེབས་བྱ་དགོས།

གསུམ་ནི་རྩིས་སྤྲོད་དང་བསྡུ་ལེན་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་བྱ་བའི་བརྒྱུད་རིམ་ཞིབ་ཚགས་སུ་གཏོང་དགོས།

བཞི་ནི་ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་བ་དང་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། དམག་དཔུང་དང་ས་གནས་ཀྱིས་དམག་ཁོངས་ནས་ཕྱིར་མ་བུད་གོང་གི་རྩལ་ནུས་གསོ་སྦྱོང་བྱས་ཏེ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། དམག་མི་ཕྱིར་བུད་རྗེས་ཁྲིམས་ལྟར་འབྲེལ་ཡོད་ཐོབ་ཐང་འགན་སྲུང་ལོངས་སུ་སྤྱོད་རྒྱུ་ཁ་གསལ་བཟོ་དགོས།

ཤ་བོ་གསེར་མཚོས་བསྒྱུར།