ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་པ་དང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
2024.08.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

 ཉེ་ལམ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད།  འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བསམ་བློ་དང་ངོས་འཛིན་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་སྣོན་བྱེད་པ། “རེའུ་མིག་གཅིག་དང་འཆར་གཞི་གཅིག  དཔེ་རིས་གཅིག  ལམ་སྲོལ་གཅིག”བཅས་དོན་འཁྱོལ་བྱེད་པ། གནད་སྨིན་ཤུགས་འདོན་དང་གནད་སྨིན་ཇུས་འདོན་བཅས་བྱས་ཏེ།  ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བློ་བརྟན་འགྱུར་མེད་སྒོས་ཡོངས་འགྲུབ་བྱེད་དགོས།   “ གནས་བཞིའི”དམིགས་འབེན་གཞིར་བཟུང་ནས་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གིས་འཛུགས་པ་བཅས་བྱེད་དགོས། སྲིད་ཇུས་ཀྱི་གོ་སྐབས་གལ་ཆེན་བེད་སྤྱོད་གང་ལེགས་བྱས་ཏེ།  “ གལ་ཆེན་གཉིས”དང“གསར་སྒྱུར་གཉིས”ཀྱི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། འཛད་སྤྱོད་ལ་བརྟེན་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།   དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་དུ་དག་ཐེར་ལེགས་བཅོས་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ།   དོན་ངོ་མའི་ཐོག་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་སྟེང་རྒྱལ་སྲུང་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གཞུང་གི་ལས་དོན་དངོས་ལ་གཞི་ཚུགས་ཏེ། རྒྱལ་སྲུང་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བའི་ལས་འགན་སྣ་ཚོགས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྟོབས་ལྡན་དང་བརྟན་བརླིང་གི་དེང་རབས་ཀྱི་མཐའ་སྲུང་མཚོ་སྲུང་མཁའ་སྲུང་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་པ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། ཏང་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཧུར་ཐག་གིས་བསྐྲུན་པ་དང་། “ཞབས་ཞུ་གཉིས”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་མཛུབ་སྟོན་དང་། ཞབས་ཞུ་འགན་ལེན། སློབ་གསོ་དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་གིས་ཡག་པོར་བསྒྲུབས་ཏེ། དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།