ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས།
2024.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ8པའི་ཚེས6ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་འཚོགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར《བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པར་འབད་པས་བསྐྱོད་དགོས》ཞེས་པའི་སྒྲོག་འགྲེལ་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་ལས་བྱེད་པ400ཙམ་ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུ་ལ་ཞུགས་ཡོད།

སྙན་ཞུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》དང་དམ་པོར་འབྲེལ་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བརྗོད་བྱ་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། 《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཛུབ་སྟོན་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ། ཤུགས་ཡོད་ཚད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་གསར་སྐྲུན་གྱི་བྱེད་ཐབས་གལ་ཆེན་གཙོ་བོར་བཟུང་ནས་འགྲེལ་བཤད་བྱས་པར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་བཅོས་སྒྱུར་གྱི་ལས་འགན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ནས་ངོས་འཛིན་དང་མྱོང་ཚོར་གླེང་།

སྙན་ཞུ་གཏིང་ཟབ་ཅིང་། ནང་དོན་ཕུན་སུམ་ཚོགས་ལ། དཔེར་མཚོན་གྱི་གྱོད་དཔེ་དང་ཞིབ་ཕྲའི་གཞི་གྲངས་སྤྱད་དེ་སྒྲོག་འགྲེལ་བྱས་ཡོད་པས། ཚོགས་ཞུགས་ཏང་ཡོན་ལས་བྱེད་པས་ཚོགས་འདུའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བློ་སྒོ་འབྱེད་པ་དང་མཛུབ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན། ཚང་མས་བསྟན་དོན། ཏང་ཀྲུང་དབྱང་གི་བླང་བྱ་ལྟར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་སྔར་ལས་མཐོན་པོར་སྒྲེང་ནས་ཡང་དག་པའི་ཁ་ཕྱོགས་དང་། བདེན་སྲུང་གསར་སྐྲུན། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས་ཟེར།

སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་ཉེ་ལམ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོར་སྒྲོག་འགྲེལ་བྱེད་དུ་བསྐྱོད་རྒྱུ་རེད།

ཚེ་རིང་སྒྲོལ་མས་བསྒྱུར།