དམངས་སྲིད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དམངས་ཚིས་འགན་སྲུང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དམངས་སྲིད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་ཡོད།

ལུའུ་ཀྲི་ཡོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག རང་རྒྱལ་གྱི་གཞི་རྩའི་དམངས་ཚིས་འགན་སྲུང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།    སྤྱི་ཚོགས་རོགས་སྐྱོབ་ཀྱི་ཀ་བཞི་གདུང་བརྒྱད་བཙུགས་ཟིན་ལ།    རིགས་མི་འདྲ་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་དག་ཀྱང་མི་དམངས་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་བཞིན་ཡོད།

ལུའུ་ཀྲི་ཡོན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་དང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བའི་རེ་སྒུག་གསར་པ་དང་བསྟུན་ནས། ནུས་ཤུགས་གང་ཡོད་ཀྱིས་སྒྲུབ་པ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།    བྱིས་པ་དང་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཆེ་བའི་ཚོགས་སྤྱིའི་ཕན་བདེའི་ལམ་ལུགས་དང་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་ལ།    དགེ་སྒྲུབ་ཀྱི་བགོ་བཤའ་ཐེངས་གསུམ་པའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། རིགས་མི་འདྲ་བའི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་མི་གྲངས་ལོ་ལོན་ཅན་དུ་འགྱུར་ཚད་ལ་ཧུར་ཐག་གིས་ཁ་གཏད་འཇལ་དགོས་པའི་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་གནང་ཡོད། ལུའུ་ཀྲི་ཡོན་གྱིས་བསྟན་དོན། རྒན་པའི་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་གསར་གཏོད་དང་སྲིད་ཇུས་འདོན་སྤྲོད་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མི་གྲངས་ལོ་ལོན་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་ལམ་བུ་ཞིག་ཏུ་བསྐྱོད་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།