ཟླ8ཚེས7ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་སྟེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ལྟ་སྐུལ་རྟོག་ཞིབ་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་བསྟར་བྱེད་པ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་འཇོག་པ། ནུས་ཚད་སྔར་ལས་ཆེ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལེགས་འགྲུབ་འབྱུང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
རྒྱལ་ལམ109འགག་སྒོ་ཆུང་བའི་སྒྱུར་བཀོད་བཟོ་སྐྲུན་དང་། རྒྱལ་ལམ310གི་གཙན་ཚ་ནས་གུང་ཧོའི་གཞུང་ལམ་བཟོ་སྐྲུན། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལམ་ལས་གཙན་ཚའི་རྨ་ཆུའི་ཟམ་ཆེན་གྱི་བཟོ་སྐྲུན། ཐུན་རིན་ནས་གསེར་ལུང་ལམ་དུམ་གྱི་བཙན་མོ་ཟམ་ཆེན་བཟོ་སྐྲུན་རྣམ་གྲངས་སོགས་ཀྱི་ལས་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་བཟོ་སྐྲུན་འཕེལ་རིམ་དང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གཙོ་བོ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ། འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་རྣམ་གྲངས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཝུའུ་ཞའོ་ཅུན་གྱིས་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་ནི་དམངས་ཚིས་ལ་འགན་སྲུང་བྱེད་པ་དང་། བརྟན་འཇགས་འཕར་སྣོན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་འཆར་གཞི་འགོད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་བཟོ་སྐྲུན་བྱ་བ་དམ་འཛིན་དངོས་གཉེར་བྱས་ནས། དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་མྱུར་དུ་གྲུབ་པར་བྱེད་དགོས། བཟོ་སྐྲུན་ལག་རྩལ་གསར་གཏོད་དང་གཅིག་བསྡུས་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ཏེ། ལག་རྩལ་གསར་པ་དང་རྒྱུ་ཆ་གསར་པ། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་ཁྱབ་གདལ་དུ་གཏོང་བ་དང་། གཞུང་ལམ་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་འཁོར་སྐྱོད་དང་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། འགྲིམ་འགྲུལ་དང་འོད་ནུས་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལམ་འགྲམ་གྱི་ཐོན་ཁུངས་གཅིག་གྱུར་སྒོས་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། ཡུལ་བབ་དང་བསྟུན་པའི་སྒོ་ནས་ཀུན་ཁྱབ་རང་བཞིན་གྱི་འོད་ནུས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འགྲིམ་འགྲུལ་མྱུར་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། བཟང་པོ་བཞིའི་ཞིང་སྡེ་ལམ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཐོན་ལས་ལམ་དང་ཡུལ་སྐོར་ལམ། ཐོན་ཁུངས་ལམ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་དགོས།
མཚོ་ཤར་གྲོང་ཁྱེར་སློབ་འབྲིང་ལྔ་པ་དང་། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཧེ་ཁྲིན་ལུང་བའི་ཞོད་འགོག་བཟོ་སྐྲུན་རྣམ་གྲངས་འཛུགས་སྐྲུན་ཡུལ་དངོས་སུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་ལ་ཞིབ་བལྟ་བྱས་ཤིང་། རྣམ་གྲངས་ལེགས་འགྲུབ་རྗེས་ཀྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གནོད་འགོག་གནོད་སེལ་ཐད་ལ་ཐོན་པའི་ཕན་འབྲས་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། དམངས་ཚིས་རྣམ་གྲངས་གཙོ་བོ་དེ་མང་ཚོགས་ཀྱི་དོན་དངོས་ཁེ་ཕན་དང་འབྲེལ་བས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་བཟོ་སྐྲུན་དེ་དམངས་སེམས་བཟོ་སྐྲུན་དུ་བརྩིས་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་ཁྲོད་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པར་བྱ་བའི་འགན་འཁྲི་ཁུར་སེམས་དང་བྲེལ་མྱུར་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། མིག་སྔར་གྱི་ལས་སྐྲུན་བྱ་བའི་དུས་སྐབས་གཙོ་བོ་དམ་འཛིན་བྱེད་པ་དང་། དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ། དུས་ཚོད་དུས་རིམ་དང་དམ་པོར་སྦྲེལ་ནས། ནུས་ཤུགས་ཡོད་རྒུས་རྣམ་གྲངས་བཀོད་གཏོང་ཡག་པོར་སྒྲུབ་པ་དང་། རྒྱུ་རྐྱེན་ལ་འགན་སྲུང་བྱེད་པ། མཐུན་སྦྱོར་ཞབས་འདེགས་ཞུ་བ། ལས་སྐྲུན་རྩ་འཛུགས་དང་དོ་དམ་བྱ་བར་ཤུགས་སྣོན་བྱེད་པ། བདེ་འཇགས་དང་སྤུས་ཚད་ལ་ཁག་ཐེག་བྱ་བའི་སྔོན་འགྲོའི་འོག ལས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། དངོས་གཉེར་བྱ་བ་སྔར་ལས་མང་པོ་བསྒྲུབ་དགོས། དུས་བརྒལ་དམིགས་བསལ་གྱི་རྒྱལ་ཁབ་དངུལ་བུན་རྒྱབ་སྐྱོར་ཀྱི་གཙོར་འཛིན་གཉིས་ཀྱི་འཛུགས་སྐྲུན་བྱ་བ་དང་། གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་སོགས་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། རྣམ་གྲངས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་སྔོན་སྐབས་ནན་འཛིན་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་ནུས་ལྡན་དངུལ་གཏོང་ཁྱབ་ཆེར་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས་བརྟན་འཇགས་རྒྱུ་ནོར་དངུལ་གཏོང་རྣམ་གྲངས་བསྡོམས་རྩིས་ཀྱི་མཛོད་དུ་ཉར་བའི་བྱ་བ་ལེགས་པོར་སྒྲུབ་སྟེ། རྣམ་གྲངས་མཛོད་དུ་འཇོག་པའི་དུས་ཕན་རང་བཞིན་དང་། དོན་དངོས་རང་བཞིན། ཡང་དག་རང་བཞིན། ཚད་ལྡན་རང་བཞིན་བཅས་ཇེ་མཐོར་བཏང་ནས། གཅིག་གྱུར་གཅིག་འདོམས་བྱེད་དགོས། སྐྱེ་ཁམས་སྲུང་བ་དང་། སྤུས་ཚད་འགན་ལེན། བདེ་འཇགས་སྲུང་བ་བཅས་འབུར་ཐོན་དུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། བཟོ་བསྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དང་དོ་དམ་བྱ་བ་ཤུགས་དྲག་ཏུ་གཏོང་བ། ཞིབ་བཤེར་ཉེན་བཤེར་ནུས་ཚད་ཆེ་རུ་གཏོང་བ། ཞོད་འགོག་བྱ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ཞིབ་ཚགས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་བྱ་དགོས་ཞེས་ནན་གྱིས་བསྟན།
ཧི་ལུའུ་ཁྲུན་རྟོག་ཞིབ་ཁྲོད་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།