དམངས་ཡོངས་ལུས་སྦྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཐང་རྨང་གཞི་བརྟན་པོ་འདིང་དགོས།
2024.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆེས་རྩ་བར་གྱུར་པ་ནི། མི་དམངས་ཀྱི་གཟུགས་གཞི་ཇེ་དར་ལ་གཏོང་བ་དང་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱ་རྒྱུ་དེ་ཡིན་ཞེས་གསུངས་མྱོང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ལུས་སྦྱོང་དགོས་མཁོ་སྐོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ལུས་རྩལ་བྱ་བའི་འགོ་རྩོམ་ས་དང་གཞི་འཛུགས་ས་གལ་ཆེན་དུ་བརྩིས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ8པའི་ཚེས8ཉིན་ནི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོས་མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཚན་རིག་དང་མཐུན་པའི་ལུས་སྦྱོང་འདུ་ཤེས་མི་སེམས་ཀྱི་ཟབ་སར་ཟུག་པར་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་སུ་འབད་འབུངས་བྱས་ནས།  ཀྲུང་ཧྭ་མི་རིགས་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་སྙིང་སྟོབས་ཀྱི་གཟེངས་མཐོན་པོ་སྒོ་ཀུན་ནས་མངོན་པར་བྱས།

དབྱར་ཁའི་གུང་གསེང་གི་སྐབས་འདིར། གྲོང་ཁྱེར་ནས་གྲོང་གསེབ་བར་དུ། རྐང་རྩེད་སྤོ་ལོ་དང་ལག་རྩལ་སྤོ་ལོ། ཕིང་ཕང་སྤོ་ལོ་བཅས་ཀྱི་ལུས་རྩལ་ཁང་དུ་གསོན་ཤུགས་རབ་ཏུ་རྒྱས་ཡོད་ཅིང་། གཞུང་ལམ་སྟེང་ཞུགས་པའི་རྐང་འཁོར་དང་ཤུད་ཤིང་། བྲག་འཛེགས། གྲི་རྩེད་སོགས་ཀྱི་ལུས་རྩལ་རྣམ་གྲངས་ན་གཞོན་སྔར་ལས་མང་པོའི་ཁྲོད་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད།

ལུས་རྩལ་གྱིས་ལང་ཚོ་དང་བདེ་ཐང་། གསོན་ཤུགས་བཅས་མངོན་པར་མཚོན་ཐུབ་པ་དང་། དེ་ནི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ཅིང་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ངེས་ཅན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཕྱོགས་ཡོངས་ནས་སྤེལ་བར་མཐོང་ཆེན་གང་ལེགས་གནང་ནས་བསྟན་དོན། རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྔར་ལས་ཆེ་རུ་བཏང་ནས། རྩལ་འགྲན་ལུས་རྩལ་བྱ་གཞག་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་པ། སྔར་ལས་མཐོ་ཚད་ཅིག་ཏུ་སླེབས་པ། སྔར་ལས་སྟོབས་ཆེ་བ་བཅས་ཡོང་བར་བྱས་ཏེ། རྒྱལ་སྤྱིའི་འགྲན་སྡུར་གལ་ཆེན་ཁྲོད་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས་ཞེས་གསུངས་མྱོང་། ང་ཚོས་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་ནས། མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་སྐུལ་འདེད་འོག་ཏུ། 2014ལོར། དམངས་ཡོངས་ཀྱི་ལུས་སྦྱོང་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྟེང་རིམ་སྤོར་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས། “དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས”པའི་སྐོར་ནས་དམིགས་འབེན་ཁ་གསལ་བཏོན་པ་དང་། 2022ལོར་ཀྲུང་དབྱང་གིས། 《ཆུ་ཚད་སྔར་ལས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པས། “དམངས་ཡོངས་ཀྱི་ལུས་སྦྱོང”བྱ་གཞག་ཐད་སྔར་ལས་བཀོད་སྒྲིག་ཁ་གསལ་བཟོས་ཡོད་ལ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ།“དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ”དེ《ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་ཆོད་དོན》ནང་བཀོད་ཡོད།

ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་གང་ལེགས་བྱས་ནས། སྤྱི་པའི་ལུས་རྩལ་ཞབས་ཞུའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དམངས་ཡོངས་ཀྱི་ལུས་སྦྱོང་ལ་ཕྱོགས་ཡོངས་ཀྱི་སྲིད་ཇུས་འགན་ལེན་མཁོ་འདོན་བྱས་ཡོད། བྱེད་ཐབས་སྣ་མང་མཉམ་སྤྱོད་སྒོས་སྤྱི་པའི་ལུས་སྦྱོང་གི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་པའི་ལུས་རྩལ་ཐང་ཆེན་དང་ལུས་རྩལ་ཁང་སོགས་ཀྱི་སྒོ་འབྱེད་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི“ལུས་སྦྱོང་བྱེད་ས་མེད་པའི”དཀའ་ཁག་ཐག་གཅོད་ཡག་པོ་བྱས་པིའ་དུས་མཚུངས་སུ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་ཐོན་རྫས་མཁོ་སྤྲོད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་སུ་རོགས་འདེགས་གང་ལེགས་བྱས།

དེང་སྐབས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས“མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པའི”གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། གངས་འཁྱགས་ལུས་རྩལ་ཁྱབ་བརྡལ་དང་འཕེལ་རྒྱས་སུ་བཏང་ཡོད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཁྲིན་ཏུའུ་ལུས་རྩལ་འགྲན་ཚོགས་ཆེན་མོའི་ལུས་རྩལ་འགྲན་ཚོགས་སོགས་འགྲན་སྡུར་སྤེལ་ཚར་རྗེས་ཡང་བསྐྱར་འགྲན་སྡུར་བྱེད་གནས་སྒོ་འབྱེད་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་པ་དང་། ས་གནས་སོ་སོས་ད་དུང་ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་པའི། “དུས་ཡུན་སྐར་མ་བཅོ་ལྔའི་རིང་གི་ལུས་སྦྱོང་ར་བ”བསྐྲུན་ཡོད། “གྲོང་ཚོBA”དང“གྲོང་ཚོ་ལས་བརྒལ་བ”སོགས་གྲོང་གསེབ་ཀྱི་འགྲན་བསྡུར་དེ་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་འདྲེས་པར་བྱས་ནས། དམངས་ཡོངས་ཀྱི་ལུས་སྦྱོང་གི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།