ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས། ཉིང་ཞ་དང་ཧེ་ལུང་ཅང་དུ་སྒྲོག་འགྲེལ་གཏིང་ཟབ་བྱས་པར་མ་ཟད། གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་མི་དམངས་དངུལ་ཁང་ཏང་ཨུའི་ཨུ་ཡོན། དངུལ་ཁང་གི་མགོ་གཙོ་གཞོན་པ་ཐའོ་ལིང་གིས་ཉེ་ལམ་དབྱིན་ཁྲོན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཐའོ་ལིང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པའི་དོན་སྙིང་གལ་ཆེན་དང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་འགྲེལ་བཤད་ཟབ་མོ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རྒྱལ་ཁབ་རྩེར་སོན་རིག་མཛོད་ཀྱི་དབུ་བཞུགས་ཆེད་མཁས་པ། སློབ་ཚན་པུའུ་ཡི་ཨུ་ཡོན་ཚའེ་ཧྥང་གིས་ཧའར་པིན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཚའེ་ཧྥང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཆེན་མོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་ཁོང་དུ་ཆུད་དགོས་པ་སོགས་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བྱས།

ཚའེ་ཧྥང་ད་དུང་ཧའར་པིན་བཟོ་ལས་སློབ་ཆེན་དུ་སོང་ནས། ཕྱོགས་ཡོངས་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་ཐད་ཡུལ་དངོས་ནས་དགེ་སློབ་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།