ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ8པའི་ཚེས8ཉིན་ནས་ཚེས9ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པོ་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཆེད་བསྐོས་ཀྲུའུ་ཞི་གཞོན་པ་མཱ་ཁྲང་ཏི། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་གི་ཏང་ཙུའུ་ཁོངས་མི། ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཧི་ཧྲི་ལིན། མཚོ་སྔོན་སློབ་ཆེན་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་ཆུས་པོ་བཅས་ཀྱིས་སོ་སོར་ཞིང་ཆེན་སྲིད་གྲོས་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཚོགས་པ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་སོགས་སུ་གཅིག་བསྡུས་སྒྲོག་འགྲེལ་བྱས།
སྒྲོག་འགྲེལ་ཁྲོད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང《ཀྲུང་གུང་ཀྲུང་དབྱང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་ཆོད་དོན》ལ་དམ་པོར་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དུས་རབས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཟབ་མོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་བཅས་ཁོང་དུ་ཟབ་མོར་ཆུད་པར་བྱེད་པ།《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ། ཤུགས་ཡོད་ཚད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པ་སོགས་ཀྱི་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འཆད་འགྲེལ་ཟབ་མོ་བྱས།
ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་དབྱང་ཧྥུའུ་ཡུས་ཀྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་ཕྱོགས་ཡོངས་དང་མ་ལག་ལྡན་པ། གཏིང་ཟབ་ཅིང་གོ་བདེ་བར་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་ཐུབ་པར་བྱས་པ་དང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག་བཟང་པོ། ལག་བསྟར་བཟང་པོ་བྱ་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་གཞིར་བསྟུན་པ་དང་། བདེན་སྲུང་གསར་སྐྲུན་བྱས་ཏེ། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པར་དམ་པོར་དམིགས་པ་དང་། བརྟག་དཔྱོད་ཞིབ་འཇུག་ཟབ་མོ་བྱེད་པ། སེམས་ཞིབ་མོས་རྩ་འཛུགས་དང་གྲོས་མོལ་བྱེད་པ། དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། བརྒྱུད་རིམ་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་བཅོས་སྒྱུར་དེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཚོགས་མིའི་པུའུ་ཡི་པུའུ་ཀྲང་གཞོན་པ་ཞའེ་ལེན་ལེན་གྱིས་བསྟན་དོན། སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཀྱང་ཡོད་པ་རེད། ང་ཚོས་དམངས་གཉེར་ཁེ་ལས་དང་། དམངས་གཉེར་དཔལ་འབྱོར་མི་སྣ། ཚོང་ཚོགས་བཅས་རྩ་འཛུགས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ“སྐྱོན་བྲལ་གཉིས”ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣ་དང་མཉམ་དུ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་གསུམ་པའི་ཀྲུའུ་རིན་གཞོན་པ་ཀའོ་ཧུང་ཡུན་གྱིས་བལྟས་ན། ཡུལ་དངོས་ནས་སྒྲོག་འགྲེལ་ལ་ཉན་པས། སྐུལ་སློང་ཆེན་པོ་ཐེབས་པ་དང་། ཐོབ་བྱ་མང་པོ་བྱུང་། ད་ཐེངས་ཀྱི་སྒྲོག་འགྲེལ་འདི་གོ་སྐབས་སུ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཞིབ་དཔྱོད་ཀྱི་འགན་ནུས་ལག་བསྟར་གང་ལེགས་བྱེད་པ་དང་དྲང་བདེན་ཁྲིམས་འཛིན་ལ་དམ་པོར་དམིགས་ནས་ཁྲིམས་འཛིན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཕན་འབྲས་ལྡན་པ་དང་ཚོད་འཛིན་ལྟ་རྟོག་འོག་འཁོར་རྒྱུག་ཐུབ་པར་ཁག་ཐེག་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་བྱེད་ཐབས་གསར་སྐྲུན་གྱིས་བཅོས་སྒྱུར་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཞབས་འདེགས་ཞུས་ནས་མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཤུགས་ཚད་ཇེ་མགྱོགས་སུ་གཏོང་དགོས་པར་འདོད།
ཚེ་རིང་སྒྲོལ་མས་བསྒྱུར།