སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་བཅོས་སྒྱུར་གྱི་ཐབས་མཆོག་འདི་བེད་སྤྱོད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གང་མགྱོགས་སུ་བཏང་ནས། གྲོང་གསེབ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས་ཞེས་གསུངས་མྱོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ཐད་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ནས། གྲོང་གསེབ་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ཁ་གསལ་བཟོས་ཏེ། སྐྱོད་ལམ་གསར་པའི་སྟེང་གི་གྲོང་གསེབ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། མིག་སྔར། ས་གནས་དང་སྡེ་ཁག་སོ་སོས་ཞིང་ལས་དང་གྲོང་གསེབ་བཅོས་སྒྱུར་གྱི་གཙོ་གནད་ལས་འགན་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་དང་གསོན་ཤུགས་གང་མང་སྣོན་བཞིན་ཡོད།
ད་ལོ་རང་རྒྱལ་གྱི་དབྱར་འབྲུའི་ཐོན་འབབ་རྒྱ་མ་ཐེར་ཆེན་བདུན་དང་དུང་ཕྱུར་གཉིས་བྱེ་བ་ལྔ་འཕར་བ་དེ་ནི། ཉེ་བའི་ལོ་ངོ་དགུའི་རིང་གི་དབྱར་འབྲུའི་ཐོན་འབབ་འཕར་ཚད་ཆེས་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་ཅིང་། དུས་མཚུངས་སུ། སྟོན་འབྲུའི་རྒྱ་ཁྱོན་བརྟན་པོའི་ངང་འཕར་སྣོན་འབྱུང་བཞིན་ཡོད།
བསྡོམས་རྩིས་བྱས་ན། རྒྱལ་ཡོངས་སུ་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཐེར་འབུམ་གཅིག་ལྷག་བསྐྲུན་ཡོད་ལ། རྨོ་ཞིང་གི་ཆ་སྙོམས་ཚད་རིམ་བཞི་དང་གྲངས་ཆུང་བདུན་དྲུག་ལ་སླེབས་ཡོད།
རྒྱལ་ཡོངས་ཀྱི་རྫོང་དང་གྲོང་གསེབ་རིམ་པ་གསུམ་པའི་གྲོང་གསེབ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་མགྱོགས་མྱུར་ངང་འཛུགས་བཞིན་ཡོད་ཅིང་། གྲོང་གསེབ་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་ཀྱིས་གྲོང་ཚོའི་བརྒྱ་ཆའི་བརྒྱད་ཅུ་ཁེབས་ཡོད།
འགྱུར་ལྡོག་རབ་དང་རིམ་པ་དེ་དག་གི་འཕེལ་འགྲོས་དང་བསྟུན་ནས། ཞིང་ལས་དང་གྲོང་གསེབ་ཀྱི་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དེས། གནའ་བོའི་ས་ཆ་དེར་སྔར་བྱུང་མྱོང་མེད་པའི་གཟི་བརྗིད་དང་གསོན་ཤུགས་བསྣན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་འགངས་ཆེ་ཤོས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ཞིང་ལས་དང་གྲོང་གསེབ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོར་སྣེ་ཁྲིད་བྱས་ཏེ། ཞིང་ལས་དང་གྲོང་གསེབ་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བར་བརྟེན། གཞི་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ཁག་གཅིག་རིམ་བཞིན་སེལ་ཐུབ་པ་བྱུང་ནས། ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ལ་གསོན་ཤུགས་གསར་པ་རྒྱས་སུ་བཅུག
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས།“གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི”ཐད་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། “གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྡོག་མེད་བླང་བྱ་ཡིན”དང་། “ངེས་པར་དུ་བཟོ་ལས་ཅན་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་བཅས་སུ་གཅིག་གྱུར་འཆར་འགོད་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།
མིག་སྔར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཞིང་ལས་དང་གྲོང་གསེབ་བཅོས་སྒྱུར་གྱི་གཙོ་གནད་ལས་འགན་གསུམ་ཁ་གསལ་བཟོས་པ་དང་། “གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི”བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་གོ་རིམ་ལྟར་འཚོལ་ཞིབ་བྱེད་བཞིན་ཡོད།
སྐྱོད་ལམ་གསར་པའི་སྟེང་དུ། ཞིང་ལས་དང་གྲོང་གསེབ་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་གོམ་སྟབས་ལ་ལྷོད་པ་མེད་པར། ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་བཞིན་པ་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོར་སྐུལ་སློང་བྱེད་པའི་བཅོས་སྒྱུར་ལས་འགན་ཁག་དོན་འཁྱོལ་བྱེད་བཞིན་ཡོད་པས། ཞིང་པ་དུང་ཕྱུར་མང་པོས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་གཏོང་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།