ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2024.08.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 245

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས། བོད་ལྗོངས་དང་ཀན་སུའུ་རུ་སྒྲོག་འགྲེལ་བྱས་པར་མ་ཟད། གཞི་རིམ་དུ་བསྐྱོད་དེ་ལས་བྱེད་མང་ཚོགས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཕེ་ཡན་གྱིས་ཉེ་ལམ་བོད་ལྗོངས་ལྷ་ས་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཐེན་ཕེ་ཡན་གྱིས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་གཏན་འཁེལ་དང《ཆོད་དོན》གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་གྱི་ངོས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱར་ངོས་འཛིན་ཟབ་མོ་བྱེད་རྒྱུ་དང་། 《ཆོད་དོན》ནང་བཏོན་པའི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཁྱོན་ཡོངས་ནས་ངོས་འཛིན་ཡང་དག་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་ཟབ་མོ་བྱས།

ཐེན་ཕེ་ཡན་ད་དུང་ལྷ་སའི་ཁྲིན་ཀོན་ཆུས་བར་སྐོར་ལམ་གྱི་ཏའོ་ཞ་ས་སུའུ་སྡེ་ཁུལ་དུ་སོང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད།  ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་སྔོན་ཆད་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲུའུ་ཆི་མེན་གྱིས་ལན་ཀྲོའུ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཧྲུའུ་ཆི་མེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམ་པོར་དམིགས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དུས་རབས་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཆེན་མོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《ཆོད་དོན》གྱི་འཆར་ཟིན་འགོད་པའི་ཁྲོད་བཏོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ། བཅོས་སྒྱུར་ཟབ་སྤེལ་གཏོང་བར་ཅིས་ཀྱང་ཁོང་དུ་ཆུད་དགོས་པའི་གནད་དོན་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་པ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་སོགས་ཀྱི་ཐད་ནས་འགྲེལ་བཤད་དང་གསལ་འགྲེལ་ཟབ་མོ་བྱས།

ཧྲུའུ་ཆི་མེན་ད་དུང་ལན་ཀྲོའུ་སློབ་ཆེན་དུ་སོང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། སློབ་གྲྭ་དེ་གའི་ན་གཞོན་དགེ་སློབ་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།