བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དམངས་འཚོའི་བདེ་སྐྱིད་མུ་མཐུད་ཇེ་ཆེར་གཏོང་དགོས།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ལ་སྔར་ལས་ལྷག་པའི་འཚོ་བ་སྐྱིད་པོ་རོལ་དུ་འཇུག་ཆེད་ཡིན་ཞེས་གསུངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་དངོས་སུ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དང་བསྟུན་ནས། ས་གནས་སོ་སོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོར་ཕན་ཞིང་དམངས་སེམས་དྲོ་ལ། དམངས་འདོད་དང་མཐུན་པ་བཅས་ཀྱི་དོན་བཟང་གང་མང་བསྒྲུབས་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་མང་གིས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་དངོས་ཐོབ་པར་བྱས་ཡོད།

ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུན་ཆུས་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ། བཟོ་སྐྲུན་མི་སྣས་སྡེ་ཁུལ་ཆུང་ངུའི་རྨང་གཞིའི་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་ལས་དོན་བྲེལ་བཞིན་ཡོད། ལོ་འདིའི་ནང་ཡོངས་འགྲུབ་བྱས་རྗེས། གནས་དེ་ནི་བཟའ་བཏུང་ཉོ་སྒྲུབ་དང་སྤྲོ་གསེང་རོལ་རྩེད། ལུས་རྩལ་བཅས་གཞི་གཅིག་ཅན་གྱི་སྡེ་ཁུལ་གྲོང་མིའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཤིག་ཏུ་གྱུར་ཏེ། སྡེ་ཁུལ་གྱི་ཁྱིམ་ཚང་བརྒྱད་སྟོང་དྲུག་བརྒྱ་ལྷག་གི་མང་ཚོགས་ལ་ཕན་ཁེ་བསྐྲུན་རྒྱུ་རེད།

ད་ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཁྲིན་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཚང་མར་ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པ་དང་། མི་རིགས་སོ་སོའི་མང་ཚོགས་དང་ཁྱིམ་ཚང་ཚང་མར་ངས་སེམས་ཁྲལ་བྱེད་ཀྱིན་ཡོད། གྲོང་མིའི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། མི་སེར་ལ་ཞབས་འདེགས་ཞུ་བའི་ལས་དོན་སོ་སོ་ཟབ་མོ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲུབ་ཐུབ་པར་འབད་དགོས་ཞེས་གསུངས། ཅང་མ་འགོར་བའི་སྔོན་ལ་འཚོགས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས། “མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱ་རྒྱུ”དེ་ནི། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བར་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་རྩ་དོན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ངེས་པར་དུ་ཀུན་ཕན་རང་བཞིན་དང་རྨང་གཞི་རང་བཞིན། མཐིལ་རྟོགས་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་ཀྱི་ཆེས་སེམས་ཁུར་བྱེད་ཡུལ་དང་ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདུན་པ་རྒྱུན་ཆད་མེད་པར་སྐོང་ཐུབ་དགོས་ཞེས་བསྟན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཡིན། མིག་སྔར་ས་གནས་སོ་སོས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཁྲོད་ནས་བཅོས་སྒྱུར་གྱི་ཤུགས་འདོན་ས་དང་ཐོད་བརྒལ་བྱེད་ས་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ། དམངས་འཚོར་འགན་སྲུང་དང་ཇེ་ལེགས་སུ་གཏོང་བཞིན་ཡོད།

གྲོང་ཁྱེར་ལྗང་སྒྱུར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཀོང་ཞི་ཡིས་གྲོང་ཁྱེར་གྱི་སྐྱེད་ཚལ་ལྗང་སྒྱུར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྤྱི་གླིང་གི་སྤང་ལྗོངས་མཉམ་སྤྱོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་སྐྱིད་སྣང་ལྡན་པ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་པའི་ལྗང་མདོག་བར་སྟོང་བསྐྲུན་ནས། ད་ལོ་སྤྱི་གླིང་ཆུང་གྲས་བརྒྱད་ཅུ་ལྷག་བསྐྲུན་ཡོད། ནན་ཉིང་དུ། ས་གནས་དེ་གའི་གྲོང་མིའི་སྤྲོ་གསེང་ལུས་སྦྱོང་གི་དགོས་མཁོ་ཁྲིད་སྟོན་དུ་བཟུང་ནས།“སྤྱི་གླིང་དང་ལུས་རྩལ”གྱི་རྣམ་པ་ཁྱབ་བརྡལ་ཤུགས་ཆེན་བཏང་ནས། ནུས་པ་མཉམ་འདུས་ཀྱི་བདེ་ཐང་བྱེད་སྒོའི་བར་སྟོང་ཁག་གཅིག་བསྐྲུན་ཡོད།

མི་དམངས་ཀྱིས་རེ་འབོད་བྱས་ན་གཞི་ནས་བཅོས་སྒྱུར་ལ་དེ་བསྟུན་གྱི་བྱེད་ཐབས་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡང་དག་པའི་སྒོ་ནས་བཙལ་ཏེ་རྙེད་པར་བྱས་ནས། བཅོས་སྒྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་བཅོས་སྒྱུར་མི་དམངས་ལ་བརྟེན་དགོས་པ། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་ཐུབ་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམངས་འཚོ་དང་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མི་དམངས་ཡོངས་ལ་དྲང་བདེན་དྲང་གཞག་གི་སྒོ་ནས་ཕན་ཁེ་ཐོབ་པར་རྩེ་གཅིག་ཏུ་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།