ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར།
2024.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

《བསམ་འཆར》ནང་བསྟན་དོན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་ལག་ལེན་གསར་པའི་མཚོན་རྟགས་གལ་ཆེན་ཞིག་དང་།    སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་གི་རིམ་པ་ཞིག རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་དང་སྐྱེ་ཁམས་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཞིག མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནང་གནས་བླང་བྱ་བཅས་རེད།    མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱ་ཆེད། 《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་དང་།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།    བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་།    གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱེད་པ།    ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་བྱ་བ་སྣེ་ཁྲིད་དུ་བྱས་ནས། ཐཱན་ཉུང་གཏོང་དང་སྦག་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་བསྐྱེད་པ། ཕན་འབྲས་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་ལུགས་འཐུས་ཚང་དུ་གཏོང་བ། མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བར་སྟོང་གྲུབ་པར་བྱེད་པ།    ཐོན་ལས་གྲུབ་ཚུལ་དང་ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་ཆགས་པར་བྱས་ཏེ།    ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་དང་།   མགྱོགས་མྱུར་སྒོས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

བྱ་བའི་ཁྲོད་དུ་ཕྱོགས་ཡོངས་ནས་ཚུལ་སྒྱུར་རྒྱུན་འཁྱོངས་བྱ་དགོས།     སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་བསྐྲུན་དགོས།

མཐུན་སྦྱོར་ཚུལ་སྒྱུར་རྒྱུན་འཁྱོངས་བྱ་དགོས།     ས་ཁུལ་མི་འདྲ་བ་དང་ལས་རིགས་མི་འདྲ་བའི་འཕེལ་རྒྱས་ཀྱི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ།    ཆ་རྐྱེན་འཛོམས་པའི་ས་ཁུལ་དང་ལས་རིགས་ཀྱིས་སྔོན་ལ་འཚོལ་ཞིབ་བྱེད་པར་སྐུལ་མ་གཏོང་དགོས།

གསར་གཏོད་ཚུལ་སྒྱུར་རྒྱུན་འཁྱོངས་བྱ་དགོས།     ལྗང་མདོག་ཚུལ་སྒྱུར་བྱེད་པར་གསར་གཏོད་ཀྱི་འགུལ་ནུས་དང་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་ཆེ་བ་འདོན་སྤྲོད་བྱ་དགོས།

བདེ་འཇགས་ངང་ཚུལ་སྒྱུར་རྒྱུན་འཁྱོངས་བྱ་དགོས།     འཕེལ་རྒྱས་དང་སྦག་བཙོག་ཉུང་གཏོང་། སྤྱི་ཡོངས་དང་ཆ་ཤས།    མིག་སྔར་དང་རྒྱང་རིང་།    སྲིད་གཞུང་དང་ཁྲོམ་ར་བཅས་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་ཐག་གཅོད་ཡག་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་སྲུང་སྔར་ལས་ལེགས་པོ་བྱ་དགོས།

《བསམ་འཆར》ནང་གསལ་བོར་བཏོན་པའི་དམིགས་འབེན་གཙོ་བོ་ནི།    2030ལོར་སླེབས་སྐབས། གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་འབྱུང་བ་དང་།    ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་གཞི་རྩའི་ཆ་ནས་ཆགས་པ།    སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ནུས་པ་མངོན་གསལ་སྒོས་ཆེ་རུ་འགྲོ་བ།    ཐོན་ཁུངས་གཙོ་བོ་བེད་སྤྱོད་ཀྱི་ཕན་འབྲས་སྔར་ལས་ཆེ་རུ་འགྲོ་བ།    ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ཚད་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ།   མགྱོགས་མྱུར་སྒོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་ལེན་དགོས། 2035ལོར་སླེབས་སྐབས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་།    ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ།    སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བར་གྲུབ་འབྲས་མངོན་གསལ་ཐོབ་པ།    ཐོན་ཁུངས་གཙོ་བོའི་བེད་སྤྱོད་ཕན་འབྲས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ།    དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཐཱན་ཉུང་ལམ་དུ་སླེབས་པ།    ཐཱན་འབུད་ཚད་རྩེར་སོན་དུ་སླེབས་རྗེས་བརྟན་པོའི་ངང་མར་ཆག་པ།    མཛེས་སྡུག་གི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་བྱ་རྒྱུ་དེ་རེད།

ཤ་བོ་རིན་མཚོས་བསྒྱུར།