ཟླ8པའི་ཚེས12ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ཟླ7པའི་ཚེས5ཉིན་དང་། ཟླ7པའི་ཚེས19ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱས་ཏེ། བློ་རྩ་བརྟན་པོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་པ་དང་། འགུལ་སྐྱོད་པ། ལག་བསྟར་པ་བཅས་ཡག་པོ་བྱ་དགོས། གཞི་གྲངས་འཛུགས་སྐྲུན་དང་གཞི་གྲངས་བཅོས་སྐྱོང་། གཞི་གྲངས་ནུས་སྤྲོད། གཞི་གྲངས་དཔལ་འབྱོར་བཅས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་བསྐྲུན་པའི་ཐད་འཕེལ་རྒྱས་གསར་པ་འབྱུང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་བསྐྲུན་དགོས། སྨན་རྫས་གསར་པ་གསར་གཏོད་ཀྱི་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་རྫས་ཐོན་ལས་ཇེ་རྒྱས་ཇེ་སྟོབས་སུ་བཏང་སྟེ་རང་ཞིང་གི་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་ཆགས་པར་བྱ་དགོས། དག་ཐེར་ཡོ་བསྲང་གི་འགན་འཁྲི་ཆེ་རུ་གཏོང་བ་དང་ལས་འགན་རྩིས་ཐོ་ཇེ་ཞིབ་ཏུ་གཏོང་བ། བྱ་བ་སྒྲུབ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྩིས་བཤེར་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་དང་ཞིབ་ཕྲ་བྱེད་དགོས།
གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང་དེ་མིན་བཟོ་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེས་ལ་རྒྱབ་སྐྱོར་བྱེད་པ་སོགས《ལག་བསྟར་ཞིབ་སྲོལ》4ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་ཡིན་ཞིང་། མིག་སྔར་ལ་ཕན་པ་དང་ཡུན་རིང་ལ་ཕན་པ་ཞིག་དང་། བརྟན་པོའི་ངང་འཕར་བ་དང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ཁེ་ལས་ལ་ཕན་པ་དང་དམངས་འཚོ་ལ་ཕན་པ་བཅས་ཡིན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་བྱེད་པ། སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་པ། སྒྲིག་ཆས་གསར་བརྗེས་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་བརྗེས་བྱེད་པ། ཕྱིར་བསྡུ་འཁོར་རྒྱུག་བེད་སྤྱོད་བྱེད་པ། ཚད་གཞི་མཐོ་རུ་གཏོང་བ་བཅས་འགུལ་སྐྱོད་ཆེན་པོ་བཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ནང་མཁོའི་སྦས་ཤུགས་མགྱོགས་མྱུར་གྱིས་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་སྐབས25པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་འཚོང་གྲོས་མོལ་ཚོགས་འདུའི་སྤྱི་བསྡོམས་སྙན་ཞུ་ལ་ཉན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། རྒྱལ་ནང་གི་འགྲེམས་ཚོགས་གྲགས་ཅན་གྱི་སྔོན་ཐོན་ལས་སྒྲུབ་འདུ་ཤེས་བསྡུ་ལེན་དང་དཔྱད་གཞིར་བཟུང་ནས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ནས་གྲོས་མཐུན་བཀོད་པའི་གཙོ་གནད་ལས་གཞི་སྔ་མོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྣེ་ཁྲིད་ཕན་འབྲས་ཆེ་རུ་གཏོང་བ་དང་། ཚོང་འགུག་དངུལ་འདྲེན་གྱི་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ལེགས་པོ་ཡོང་བ་བཅས་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས《ཁྱབ་ཁོངས་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་མ་ལག་འཛུགས་པའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།