ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
2024.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན།     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།     མིག་སྔར། རང་རྒྱལ་གྱིས་བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།    ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ།    མགྱོགས་མྱུར་སྒོས་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་བཞིན་ཡོད་པས།    ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་བཞིན་ཡོད།

ད་ལོ་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་།   ཐོན་སྐྱེད་ནུས་ཤུགས་གསར་མ་འཕར་སྣོན་བྱུང་ཡོད།     ལོ་སྟོད་དུ། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས8.7%འཕར་བ་དང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་རྫོགས་ལས་བརྒྱ་ཆའི་གྲངས་ཐིག2.7ལས་མཐོ།     ཞབས་ཞུའི་འཕྲུལ་མི་དང་ནུས་རྒྱུ་གསར་པའི་རླངས་འཁོར།    ཉི་ནུས་གློག་སྨན་སོགས་རིག་ནུས་ལྗང་མདོག་ཐོན་རྫས་ཀྱི་ཐོན་ཚད་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱས་ཡོད།     རྣམ་པ་གསར་པའི་འཛད་སྤྱོད་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་དང་།    “གསར་པ་གསུམ”དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ཕྱི་ཕྱོགས་ཉོ་འཚོང་གི་སྒུལ་ནུས་གསར་པ་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་སྐྱེད་ནུས་ཤུགས་གསར་མའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་དགོས་པ་དང་།   ཐོན་སྐྱེད་ནུས་ཤུགས་གསར་མ་དེ་ལག་ལེན་ཁྲོད་དུ་ཆགས་པ་མ་ཟད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་དང་རྒྱབ་སྐྱོར་གྱི་ནུས་པ་ཆེན་པོ་མངོན་ཡོད་པས།    ང་ཚོས་ གཞུང་ལུགས་ཐོག་ནས་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་ཏེ་འཕེལ་རྒྱས་ཀྱི་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས།

ད་ལོའི་ཚུན་ལ། གལ་ཆེའི་གནས་ཡུལ་མང་པོ་དང་ས་གནས་སོ་སོ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད།     ཐེན་ཅིན་དུ་ཁོང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་།     ཧུའུ་ནན་དུ་ཁོང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེ་རུ་གཏོང་དགོས་པ།     ཁྲུང་ཆིན་དུ་ཁོང་གིས་ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁྱུ་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་འབྱུང་ཁུངས་གསར་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད།

ཐོན་སྐྱེད་ནུས་ཤུགས་གསར་མའི་སྐྱེད་སྲིང་ཇེ་མགྱོགས་སུ་གཏོང་དགོས།     ད་ལོ་ནས་བཟུང་། ཤུགས་ཆེ་བ་དང་དམིགས་སའི་རང་བཞིན་དྲག་པའི་སྤྱི་ཁོག་སྲིད་ཇུས་རབ་དང་རིམ་པ་མཉམ་འབྲེལ་གྱིས་ཤུགས་སྣོན་བྱས་ཡོད།     རྒྱལ་ཁབ་ཀྱིས་ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ།    རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ།    ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གཞི་གྲངས་རྨང་གཞིའི་སྒྲིག་ཆས།    ནུས་ཁུངས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་ཁྱབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གསོག་འཇོག་དང་ནུས་པ་གསོ་སྐྱོང་བྱེད་དགོས།     རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་པ་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་རྩེར་སོན་ཅན་དང་རིག་ནུས་ཅན་དང་ལྗང་མདོག་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

མདུན་ཕྱོགས་ཁྱབ་ཁོངས་ཀྱི་འགྲན་ལམ་གསར་པར་དམིགས་ཏེ། རྒྱལ་ཁབ་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། སྦས་ཤུགས་ཆེ་བའི་མ་འོངས་པའི་ཐོན་ལས་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་དང་སྐྱེད་སྲིང་བྱེད་དགོས།     ལོ་སྟོད་དུ། རྒྱལ་ཡོངས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་དངུལ་གཏོང་དུས་མཉམ་ལས10.6%འཕར་བ་དང་།    ཚན་རྩལ་གྲུབ་འབྲས་སྒྱུར་བའི་ཞབས་ཞུའི་ལས་རིགས་དང་།    ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་གྲངས་གནས་གཉིས་འཕར་ལ།    རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་མིས་བཟོས་རིག་ནུས།    རྒྱུ་ཆ་གསར་པ།    རྩེར་སོན་སྒྲིག་ཆས་སོགས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་དཔལ་འབྱོར་འཕར་གཞི་གསར་པ་ཐོན་ཡོད།

ལོ་སྟོད་དུ། རང་རྒྱལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད30%ལས་བརྒལ་བ་དང་། རྒྱལ་ཡོངས་ཀྱི་གློག་གསོག་སྒྲིག་ཆས་ཀྱི་གྲངས་ཀ་བསྡོམས་པས་བྱེ་བ་གཅིག་ལས་ལས་བརྒལ་ཡོད།     གྲུ་གཟིངས་བཟོ་གྲྭ་དེའི་ལག་ཏུ་ཡོད་པའི་མངག་ཐོ2028ལོའི་བར་དུ་སྒྲིག་ཡོད་པ་དང་། འཛམ་གླིང་གི་ལྗང་མདོག་སྒུལ་ཤུགས་གྲུ་གཟིངས10རེའི་མངག་ཐོའི་ཁྲོད7ཡན་ཀྲུང་གོ་རུ་བཟུང་ཡོད།     ཉེ་ལམ། ཏུན2རིམ་པའི་གློག་སྒུལ་དྲང་འཕྱང་འཕུར་འབབ་མཁའ་འགྲུལ་ཡོ་བྱད་འབྲི་ཆུ་བརྒལ་ནས་འཕུར་སྐྱོད་ཐོག་མ་བྱས་པ་དང་། རྒྱལ་ཁབ་ཀྱིས་དམའ་སའི་དཔལ་འབྱོར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ལྕག་དང་རོགས་སྐྱོར་བྱས་པ་དང་བསྟུན་ནས་བར་སྟོང་སྔར་ལས་ཆེ་བ་གཏོད་བཞིན་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བསྟན་དོན། འབྲེལ་ཡོད་སྒྲིག་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་དེ་བས་འཚམ་པའི་ཐོན་སྐྱེད་འབྲེལ་བ་མགྱོགས་མྱུར་གྱིས་ཆགས་པར་བྱ་དགོས།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་ནས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་གྲུབ་འབྲས་སྐུལ་སྤེལ་བྱས་ཡོད།     རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱས་ནས་ཐོན་ཁུངས་སྣ་ཚོགས་བཀོད་སྒྲིག་ནུས་ལྡན་བྱ་དགོས།     ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ལམ་ལུགས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་གསར་པ་དང་།    རྣམ་པ་གསར་པ།    སྒུལ་ནུས་གསར་པ་བཅས་ཐོན་དུ་འཇུག་དགོས།     དུས་སྐབས་དེའི་རིང་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དུ་བཅོས་སྒྱུར་ཇུས་གཞི་སྐོར་ཞིག་ཞིབ་འཇུག་དམ་འཛིན་བྱེད་བཞིན་ཡོད་པས། མི་རིང་བར་དོན་འཁྱོལ་དང་ཕན་འབྲས་མངོན་གསལ་ཐོན་ངེས་རེད།

ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་དང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་ལ་ལྟ་སྟངས་ཡག་པོ་འཛིན་བཞིན་ཡོད།    ཉེ་ལམ། རྒྱལ་སྤྱིའི་ལས་ཁུངས་མང་པོ་ཞིག་གིས2024ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་བཏང་ཡོད།   མ་འོངས་པར་ཆ་རྐྱེན་འཛོམས་པ་དང་ཚོར་ཐུབ་པའི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་པ་དང་བསྟུན་ནས།    ལག་རྩལ་མཐོ་བ་དང་ཕན་ནུས་ཆེ་བ།    སྤུས་ཚད་མཐོ་བ་བཅས་ཁྱད་ཆོས་སུ་གྱུར་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཚར་ལོངས་བྱུང་སྟེ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།