ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཧྲིལ་བོའི་ལྟ་སྐུལ་བྱ་བའི་འཆར་གཞི་གཞིར་བཟུང་སྟེ། ཟླ8པའི་ཚེས8ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཚན་རྩལ་ཐིན་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུའི་སྣེ་ཁྲིད་ལས་ཁུངས་ཀྱིས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཆེད་དུ་ཉན་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུའི་འཛུགས་སྐྲུན་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཞུགས་ལས་ཁུངས་ཀྱི་མི་སྣ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས།
རྒྱུས་ལོན་པ་ལྟར་ན། 2022ལོའི་ཚུན་དུ། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཞིང་ཆེན་ཚན་རྩལ་ཐིན་གྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་པ་དང་། སྣེ་ཁྲིད་ལས་ཁུངས་སོ་སོས་འགན་འཁྲི་དངོས་འབེབས་བྱེད་པ་ཤུགས་དྲག་ཏུ་བཏང་སྟེ། འཛུགས་སྐྲུན་བྱ་བར་མཉམ་དུ་སྐུལ་འདེད་བཏང་བ་དང་། ཕྱོགས་མང་བོའི་ཐུན་མོང་འབད་བརྩོན་འོག རང་ཞིང་གི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུའི་འཛུགས་སྐྲུན་བྱ་བར་བསམ་ཕྱོགས་དང་གསར་གཏོད། གྲུབ་འབྲས་བཅས་ཡོད་པར་བྱས།
རྟོག་ཞིབ་ཚན་ཆུང་གིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་དམིགས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་དགོས། ཞིང་ཆེན་གྱི་ངེས་གནས་ལ་རྐང་བཙུགས་ཏེ། བཅོས་སྒྱུར་གྱི་ལས་འགན་གཙོ་བོར་དམིགས་ནས། བཅོས་སྒྱུར་བྱེད་ཐབས་ཁག་ཇེ་ཞིབ་ཇེ་དམ་དང་། དོན་དངོས་སུ་འགྱུར་བར་བྱེད་པ་དང་། ཕྱོགས་ཡོངས་བཅོས་སྒྱུར་གཏིང་ཟབ་བྱས་ནས་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཚན་རྩལ་གྲུབ་འབྲས་ཚུར་སྒྱུར་ནུས་པ་ཇེ་མཐོར་གཏོང་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། བསམ་བཀོད་གཅིག་གི་བྱ་བའི་རྣམ་པ་གྲུབ་པར་བྱས་ནས། རང་འགུལ་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་སྦྲེལ་མཐུད་བྱེད་པ་དང་། སྟེགས་བུ་འཛུགས་སྐྲུན་གྱི་ནུས་ཚད་ཆེ་རུ་གཏོང་བ། འཇོན་མིའི་འདེགས་སྐྱོར་དང་ཁྲིམས་སྐྱོང་འགན་སྲུང་འབུར་ཐོན་ཡོང་བར་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་རང་ཞིང་གི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
རྟོག་ཞིབ་ཚན་ཆུང་ད་དུང་ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་ནོར་གནག་ལག་རྩལ་གསར་གཏོད་ལྟེ་གནས་དང་། དེང་རབས་བོད་སྨན་གསར་སྤེལ་གྱི་རྒྱལ་ཡོངས་ཚོད་ལྟ་ཁང་གཙོ་བོ། གོ་ལ་ཧྲིལ་བོའི་རླུང་ཁངས་ཆེན་མོའི་གཞི་གདན་དང་མདོ་དབུས་མཐོ་སྒང་གི་གཞི་གྲངས་ཆེན་མོ་བཀོལ་སྤྱོད་ལྟེ་གནས་བཅས་ལ་སོང་སྟེ་ཆེད་དོན་རྟོག་ཞིབ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།