
ས་གནས་དེ་གའི་ཟླ8པའི་ཚེས11ཉིན་གྱི་དགོང་མོར། དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས33པ་དེ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་མཇུག་བསྒྲིལ། ཀྲུའུ་ཞི་ཞི་ཅིན་ཕིང་དམིགས་བསལ་འཐུས་མི་ཡིན་ལ། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གདན་ཞུས་ལྟར་མཇུག་སྒྲིལ་མཛད་སྒོར་ཞུགས།
མཇུག་སྒྲིལ་མཛད་སྒོའི་སྟེང་། ལུས་རྩལ་འཐུས་ཚབ་ཚོགས་པ་སོ་སོའི་དར་ཆ་སྒྲེང་མཁན་དག་རིམ་གྱིས་ཚོགས་རར་སླེབས་པ་དང་། ཀྲུང་གོའི་འཐུས་ཚབ་ཚོགས་པའི་མཇུག་སྒྲིལ་མཛད་སྒོའི་དར་ཆ་སྒྲེང་མཁན་ནི་ལྗིད་འདེགས་ལས་སྐྱེས་པའི་སྤྱི་རྒྱ་རེ་གཅིག་ཅན་གྱི་རིམ་པ་ལས་ཨང་དང་པོ་ཐོབ་མཁན་ལིས་ཧྥ་པེན་དང་དབྱུག་རྒྱག་སྤོ་ལོ་རུ་ཁག་གི་རུ་གཙོ་ཨོའུ་ཙུ་ཞཱ་གཉིས་རེད། དེའི་རྗེས། འཐུས་ཚབ་ཚོགས་པ་སོ་སོའི་ལུས་རྩལ་པས་འཐུས་ཚབ་ཚོགས་པའི་ཁོངས་གཏོགས་ལས་བརྒལ་ནས་མཉམ་དུ་ལུས་རྩལ་ར་བར་བསྐྱོད་པ་དང་། ཚང་མ་གཞི་གཅིག་ཏུ་འཛོམས་ཏེ་ཨོ་རྩལ་འགྲན་ཚོགས་ཀྱི་གཟི་བརྗིད་མཉམ་སྤྱོད་བྱས།
མཇུག་སྒྲིལ་མཛད་སྒོའི་སྟེང་དུ་ཐེངས་འདིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་སྡུར་གྱི་རྣམ་གྲངས་ཆེས་རྗེས་མ་དེ་སྐྱེས་མའི་རྒྱང་རྒྱུག་འགྲན་སྡུར་སྟེང་བྱ་དགའ་ཐོབ་པའི་ལུས་རྩལ་པར་བྱ་དགའ་གནང་བའི་མཛད་སྒོ་བསྡུས།
རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་བསྟོད་པའི་གླུ་སྐད་ཁྲོད། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་དལ་མོར་མར་ཕབ། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་སྤྲོད་པའི་མཛད་སྒོའི་སྟེང་། ཕ་རི་སིའི་ཧྲི་ཀྲང་དབྱི་ཏཱའར་ཀི་ཡིས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་དེ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པཱ་ཧི་བརྒྱུད་ནས་སྐབས་རྗེས་མའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་ལའོ་ཧྲན་ཅིའི་ཧྲི་ཀྲང་ཁཱ་ལོན་པཱ་སི་ལ་སྤྲད་པ་དང་། དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་ལའོ་ཧྲན་ཅི་ནས་སྤེལ་བའི་དུས་སུ་སླེབས་ལ་ཉེ།
མཇུག་སྒྲིལ་མཛད་སྒོའི་མཇུག་ཏུ། ཏུའུ་ལི་ལིས་ལྡུམ་ར་ནས་ཁྱེར་ཡོང་བའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་ཧྥ་རན་སིའི་ལུས་རྩལ་ར་བར་འབྱོར།
གླིང་ཆེན་སོ་སོ་ནས་ཡོང་བའི་ལུས་རྩལ་པ་དྲུག་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གྱི་མེ་གསོད་པའི་མཛད་སྒོར་ཞུགས་པ་དང་། དེའི་ཁྲོད། ཀྲུང་གོའི་སྐྱེས་མའི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་སུང་དབྱིན་ཧྲ་ཡིས་ཨེ་ཤ་ཡའི་ཚབ་བྱས་ནས་ཟབ་ཞུགས་བྱས། པཱ་ཧི་དང་ལུས་རྩལ་པ་དྲུག་པོས་མཉམ་དུ་དཔལ་འབར་གྱི་མེ་བསད་པ་དང་། ཕ་རི་སིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཡོངས་སུ་མཇུག་བསྒྲིལ་བ་རེད།
ལྷ་མོ་འཚོས་བསྒྱུར།