ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི《དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》གི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱིས་དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་འགན་སྲུང་དང་། དམག་མིས་མེས་རྒྱལ་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་སྐུལ་མ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། དམག་མི་རྣམས་ལ་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱ་རྒྱུ་དེ་རེད། གསར་དུ་བཟོ་བཅོས་བྱས་པའི《སྲོལ་ཡིག》ལ་བསྡོམས་པས་ལེའུ6དང་དོན་ཚན64ཡོད་པ་དང་། བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་གཤམ་གསལ་ལྟར།
གཅིག་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་གཞི་རྩའི་རྩ་དོན་གསལ་བོར་བཟོ་དགོས། དམག་མིའི་འཆི་གོད་གྱོང་གསབ་གཟིགས་སྐྱོང་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་གླ་ཕོགས་དང་བྱས་རྗེས་སྙོམ་སྒྲིག་དང་། སྙིང་སྟོབས་དང་དངོས་རྫས་མཉམ་འཛིན། གཅེས་སྐྱོང་དང་ཞབས་ཞུ་ཟུང་འབྲེལ་བཅས་ཀྱི་རྩ་དོན་ལག་བསྟར་བྱ་དགོས། འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་ཚད་གཞི་འགུལ་རྣམ་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་འགན་སྲུང་ཆུ་ཚད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་ཁག་ཐེག་བྱ་དགོས།
གཉིས་ནི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་གནས་བབ་གསར་པ་དང་བླང་བྱ་གསར་པར་འཚམ་པར་བྱ་དགོས། འཆི་གོད་གྱོང་གསབ་གཟིགས་སྐྱོང་བྱ་ཡུལ་གྱི་ཁྱབ་ཁོངས་དང་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་ནང་དོན་གསལ་བོ་བྱེད་དགོས། དོ་དམ་ལམ་ལུགས་གསལ་བོ་བྱས་ནས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་གཙོ་གཉེར་སྡེ་ཁག་དང་། འབྲེལ་ཡོད་ལས་ཁུངས་གཞན་དག དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་བྱ་བའི་འགན་འཁྲི་གཏན་འབེབས་བྱ་དགོས། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་འཁྲི་གསལ་བོ་བྱེད་དགོས། སྔོན་གཤེགས་དཔའ་བོར་དཔྱད་བསྡུར་གཏན་འབེབས་དང་དབང་པོ་སྐྱོན་ཅན་གྱི་གཟིགས་སྐྱོང་མ་དངུལ་སོགས་ཀྱི་བྱ་བའི་དམག་ཁུལ་གྱི་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
གསུམ་ནི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་བྱེད་ཐབས་ཇེ་མང་དུ་བཏང་ནས་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། འཆི་གོད་གྱོང་གསབ་གཟིགས་སྐྱོང་བྱ་ཡུལ་ལ་སྤྱི་ཚོགས་འགན་སྲུང་དང་གཞི་རྩའི་སྤྱི་པའི་ཞབས་ཞུ། དེ་མཚུངས་ཀྱི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་གླ་ཕོགས་བཅས་ལོངས་སུ་སྤྱོད་དགོས་པའི་གཏན་འབེབས་བྱས་ཡོད། བྱས་རྗེས་བཞག་ཡོད་པ་དང་གཟི་བརྗིད་གཟེངས་བསྟོད་ཐོབ་མཁན་གྱི་འདས་པོའི་ཁྱིམ་མིར་གཟིགས་སྐྱོང་མ་དངུལ་མང་དུ་སྟེར་བ་དང་། འཆི་གོད་གྱོང་གསབ་གཟིགས་སྐྱོང་བྱ་ཡུལ་རྟེན་འབྲེལ་མཛད་སྒོ་གལ་ཆེན་ནང་ཞུགས་རྒྱུར་གདན་འདྲེན་ཞུས་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་གཟི་བརྗིད་ཀྱི་སྐུལ་མ་ཆེ་རུ་གཏོང་དགོས། གཅེས་སྐྱོང་རོགས་སྐྱོར་ལམ་སྲོལ་བཙུགས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ་ལ་གཅེས་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
བཞི་ནི་འཆི་གོད་གྱོང་གསབ་གཟིགས་སྐྱོང་གི་གོ་རིམ་ཇེ་ལེགས་སུ་བཏང་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཐེངས་གཅིག་རང་བཞིན་གྱི་གཟིགས་སྐྱོང་མ་དངུལ་སྟེར་བའི་གོ་རིམ་གསལ་བོ་བྱས་ནས་འཆི་གདོ་གྱོང་གསབ་གཟིགས་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས། དབང་པོ་སྐྱོན་ཅན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱེད་པའི་གོ་རིམ་ཞིབ་ཚགས་སུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱེད་པའི་གནས་ཚུལ་ཁ་སྣོན་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།