ཟླ8པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ཤར་གྲོང་ཁྱེར་དུ་བརྟན་འཇགས་འཕར་སྣོན་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཐད་ཀྱི་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ། བརྟན་འཇགས་འཕར་སྣོན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། བདེན་འཛིན་དངོས་གཉེར་དང་དཀའ་ཁག་ཁྱད་བསད་བྱས་ནས། བློ་བརྟན་འགྱུར་མེད་གྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲིན་ཀང་མཚོ་ཤར་གྱི་དངོས་ཟོང་འཁོར་རྒྱུག་གླིང་དང་། ཧྲོན་ཧྥིན་མྱུར་སྐྱེལ་མཛོད་ཁང་། མཚོ་སྔོན་པའོ་ཧིན་ལྗང་མདོག་བཟོ་སྐྲུན་ཐོན་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཐེན་ལན་ནུས་ཁུངས་གསར་པའི་རྒྱུ་ཆ་ཚད་ཡོད་ཀུང་ཟི། རིགས་ཆེ་གྲས་ཀྱི་ཚོང་ལས་སྣ་འཛོམས་ཁུལ་དང་ཚོང་ཁང་ཆེན་མོར་སོང་སྟེ། ཁེ་ལས་ཐོན་སྐྱེད་བདག་གཉེར་དང་། ལྗང་མདོག་ཚུལ་སྒྱུར། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཁེ་ལས་འཕེལ་རྒྱས་ཁྲོད་དུ་གནས་པའི་དཀའ་ཁག་དང་གནད་དོན་དྲིས་པར་མ་ཟད། ཡུལ་དངོས་ནས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་དཔལ་འབྱོར་འཁོར་རྒྱུག་དང་བརྟན་འཇགས་འཕར་སྣོན་བྱ་བའི་གནས་ཚུལ་སྙན་ཞུ་དང་། མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་གཅིག་ལ་ཇུས་གཞི་གཅིག་དངོས་འབེབས་བྱས་པ། ཁང་སའི་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་བྱེད་ཐབས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་ཉན།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་བྱ་བར་བྲེལ་བ་ཆེ་ཞིང་ལས་འགན་ལྕི་བས། ཡར་བརྩོན་མེད་ན་ཕྱི་སྣུར་ཡིན་པ་དང་ཡར་བརྩོན་དལ་ན་ཡང་ཕྱི་སྣུར་ཡིན་པའི་དགོས་གཏུག་རང་བཞིན་ཤུགས་དྲག་ཏུ་གཏོང་བ་དང་། དུས་ཚིགས་གསུམ་པའི་གནད་འགག་དུས་སྐབས་དམ་འཛིན་དང་ཁོང་དུ་ཆུད་པར་བྱས་ཏེ། ཆེས་མཐའ་འཁྱོལ་གྱི་རྣམ་འགྱུར་དང་བདེན་པ་དངོས་གཉེར་གྱི་བྱེད་ཕྱོགས། ནུས་ལྡན་གྱི་བྱེད་ཐབས་སྤྱོད་དགོས་ཤིང་། དམིགས་འབེན་ལས་འགན་དམིགས་སུ་འཛིན་པ་དང་བྱ་བའི་གཙོ་གནད་གཅིག་སྡུད་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དང་དངོས་འབེབས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱས་ཏེ། སྤྱི་ཕྱོགས་ནས་རྒྱུ་རྐྱེན་མང་དུ་འཚོལ་བ་དང་དོན་དངོས་དོན་ལྡན་གྱི་བྱེད་ཐབས་འདོན་པ། མི་འདང་ས་དང་ཉམ་ཞན་འབད་པས་ཁ་གསབ་བྱེད་པ། དཀའ་གནད་སེལ་བའི་དོན་དངོས་གྲུབ་འབྲས་ཀྱིས་སྤྱི་ཡོངས་བྱ་བའི་སྒྲིག་གཞི་མཐོ་རུ་བཏང་ནས། ལས་འགན་ལྕི་མོ་མི་རེ་རེས་ཁུར་དུ་ལེན་ཐུབ་པ་དང་མི་རེ་རེའི་ཕྲག་ཏུ་ལས་འགན་ཡོད་པར་བྱེད་དགོས། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས་ན། མིག་སྔར་འཕྲད་པའི་དཀའ་ཁག་ངོས་ཟིན་དགོས་པར་མ་ཟད། གནད་དོན་ཐག་གཅོད་ཐུབ་པའི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས་པས། དམིགས་ཚད་གཙོ་བོ་དང་གཙོ་གནད་ས་ཁུལ། གཙོ་གནད་ལས་རིགས་དམ་འཛིན་བྱེད་པ་དང་། ད་ཡོད་ཀྱི་བྱ་བའི་རྨང་གཞིའི་སྟེང་བཀོད་གཏོང་ཤུགས་དྲག་དང་དངོས་འབེབས་ནན་འཛིན་བྱེད་དགོས། རེའུ་མིག་གཅིག་དང་། གསལ་ཁྲ་གཅིག འཆར་གཞི་གཅིག རྐྱེན་སྲོལ་གཅིག་བཅས་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། འགན་འཁྲི་ནན་དཀྲི་དང་ལས་འགན་བྱེད་ཐབས་ཞིབ་ཚགས་བཟོས་ཏེ། ལས་ཡུལ་དང་པོར་བསྐྱོད་ནས་ཁེ་ལས་སུ་བཅར་ནས་གནད་དོན་ཐག་གཅོད་བྱེད་པ་དང་། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་གིས་བྱ་བའི་རྐྱེན་སྲོལ་ལ་ཞབས་འདེགས་ཞུ་བའི་ཕན་ནུས་མཐོ་བའི་འཁོར་སྐྱོད་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་བྱ་བ་ཁག་སོ་སོ་གོ་རིམ་ལྡན་པར་སྤེལ་བར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་བླང་བྱ་ཇེ་དམ་དུ་གཏོང་བ་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། བདེན་འཚོལ་དངོས་གཉེར་གྱི་བྱ་བའི་བྱེད་ཕྱོགས་ཀྱིས་མཉམ་ཤུགས་བཏོན་ནས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས། དེ་དང་མཉམ་དུ། གཞི་གྲངས་བསྡོམས་རྩིས་ཀྱི་སྤུས་ཚད་འགག་སྒོ་ཇེ་དམ་དུ་བཏང་སྟེ། བསྡོམས་རྩིས་ཚགས་དམ་དང་དངོས་ཐོག་བདེན་འཚོལ་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་རྟོག་ཞིབ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།