ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དུ་རྟོག་ཞིབ་བྱས།
2024.08.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ཟླ8པའི་ཚེས9ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྒྱལ་ཁབ་ཀྱི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་ཕྱིར་ཝ་ལིས་ཀོན་ཀྲུང་གོའི་རླུང་ཁམས་ཆེན་མོའི་གཞི་རྩའི་ཚད་གཞིའི་ལྟ་ཞིབ་སྟེགས་བུ་དང་། མཚོ་ལྷོ་ཁུལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་སྔོན་གུང་ཧོའི་ཚ་རྡོ་རྩད་ཞིབ་དང་གསར་སྤེལ་གྱི་ཚན་རིག་ཞིབ་འཇུག་རྟེན་གཞི།  བཏུལ་ཐང་གི་འོད་ནུས་གློག་ར། འོད་ནུས་ཕྱུགས་ར་སོགས་ཀྱི་ཡུལ་དངོས་ལ་སོང་ནས་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་བསྟན་དོན། མཚོ་ལྷོ་ཁུལ་ནི་རང་ཞིང་གི་ཆེས་ཐོག་མར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་གྲོས་རིམ་གྱི་གསར་གཏོད་དཔེ་སྟོན་ཁུལ་ཡིན་ཞིང་། རང་རྒྱལ་དུ་མིག་སྔར་དཔེ་སྟོན་ཁུལ་གྱི་ཆོག་མཆན་ཐོབ་པའི་མི་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པས། རང་ཞིང་གི་ཚན་རྩལ་གསར་གཏོད་རང་འགུལ་གྱིས་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་འདྲེས་པའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་པར་མ་ཟད། མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་བའི་གོ་སྐབས་གལ་ཆེན་ཞིག་རེད།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྔར་ལས་ཤུགས་སྣོན་པ།  རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་སྤེལ་དང་ཐོན་ལས་སྦྲེལ་མཐུད་མཉམ་འགུལ་རྐྱེན་སྲོལ་རྒྱུན་འཁྱོངས་བྱེད་པ་དང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱས་ཏེ།  རྒྱུན་མཐུད་སྒོས་ཚན་རྩལ་གསར་གཏོད་ཀྱིས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཞོགས་འདེགས་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བྱ་བ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། འགུལ་སྐྱོད་ཆེན་པོ་ལྔ་དང་བཟོ་སྐྲུན་ཁག་བཅུ་བཞི། ལས་གཞི་ཁག་སོ་བདུན། དམིགས་ཚད་ཁག་སོ་བཞི་བཅས་གཅིག་སྡུད་བྱེད་པ། འགན་འཁྲི་ཁག་ཁུར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ལས་རིམ་གསལ་བོར་བཀོད་དེ་འབད་འཐབ་བྱེད་པ།  གནད་འཁེལ་ཤུགས་འདོན་གྱིས་སྲིད་ཇུས་ལག་བསྟར་བྱས་ཏེ། མཚོ་ལྷོ་ཁུལ་དེ་གཙང་པོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཁྲིད་སྟོན་ཁུལ། མཐོ་སྒང་སྐྱེ་ཁམས་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་ལག་ལེན་གསར་གཏོད་རྟེན་གཞི་བཅས་སུ་འཛུགས་སྐྲུན་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།