བཅོས་སྒྱུར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས།
2024.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་ནི་མ་གཞི་ནས་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ཡིན། ངེས་པར་དུ་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་སྒྱུར་ཕྱོགས་སུ་འཕེལ་ཚད་ཇེ་མགྱོགས་སུ་བཏང་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཡོང་བར་རོགས་རམ་བྱེད་དགོས་ཞེས་གསུངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་གང་ལེགས་བྱས་ནས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་དངོས་སུ་བཏོན་ཡོད། མིག་སྔར་རྒྱལ་ཁབ་དང་ས་གནས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་གི་རྨང་གཞི་བརྟན་པོ་ཞིག་འདིང་བཞིན་ཡོད།

ནུབ་བྱང་བྱེ་ཐང་ནས་ཤར་གྱི་རྒྱ་མཚོའི་འགྲམ་རྒྱུད་བར་དང་། རི་མཐོ་ལུང་གཟར་ནས་དམའ་སའི་བདེ་ཐང་བར་དུ། འོད་ཤུགས་པང་ལེབ་ཕྲེང་བར་བསྒྲིགས་པ་དང་རྒྱ་མཚོའི་རླུང་འཚུབ་འཕྲུལ་འཁོར་གཅིག་རྗེས་གཉིས་མཐུད་ངང་དྲ་སྦྲེལ་བྱས་ཏེ་དངོས་སུ་གློག་འདོན་བཞིན་ཡོད། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ། རང་རྒྱལ་གྱི་སླར་སྐྱེས་ནུས་ཁུངས་གློག་འདོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་ལྔ་ལས་བརྒལ་ཏེ། བསྡུར་ཚད་ཀྱིས་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་བརྒྱད་ཟིན་པ་དང་། རླུང་གློག་དང་འོད་ཤུགས་གློག་འདོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་རྡོ་སོལ་གློག་འདོན་གྱི་ཚད་གཞི་ལས་བརྒལ་ནས། ནུས་ཁུངས་ལྗང་མདོག་ཚུལ་སྒྱུར་གྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་ཡོད།

དུས་མཚུངས་སུ། ཐོན་ལས་གྲུབ་ཚུལ་མུ་མཐུད་ལེགས་སྒྱུར་རིམ་སྤོར་བྱས་ནས། རང་རྒྱལ་གྱིས་འཛམ་གླིང་ཧྲིལ་པོའི་ནུས་ཁུངས་གསར་པའི་ཐོན་ལས་ཕྲེང་འབྲེལ་ཆེ་ཤོས་དང་ཆ་ཚང་ཤོས་བསྐྲུན་ཟིན་པ་དང་། ཐོན་ཁུངས་བེད་སྤྱོད་ལས་ཆོད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཏེ། 2023ལོར་རང་རྒྱལ་གྱི་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་ཐཱན་འབུད་ཚད2012ལོ་ལས་ཁག་སོ་སོར་བརྒྱ་ཆའི་ཉེར་དྲུག་དང་བརྒྱ་ཆའི་སོ་ལྔ་ཡིས་ཇེ་ཉུང་དུ་སོང་ཡོད།

ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། ཡོང་སྒོ་འཕར་སྣོན་བཅས་ཀྱི་འགྱུར་ལྡོག་རབ་དང་རིམ་པ་དེ་དག་གི་ལྟག་རྒྱབ་ཏུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བཞིན་པ་དེ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་བསྡད་དེ། སྐྱེ་ཁམས་དཔལ་ཡོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་དངོས་སུ་བཏོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་གང་མགྱོགས་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། ལྗང་མདོག་འཕེལ་རྒྱས་ནི་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན་ཞེས་གསུང་མྱོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་འཐུས་ཚང་དུ་གཏོང་རྒྱུའི་ཐད་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་གང་ལེགས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཞེས་དངོས་སུ་བཏོན་པར་མ་ཟད། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱའང་བཏོན་ཡོད།

དམིགས་འབེན་གཏན་འཁེལ་བྱས་ནས་དོན་འཁྱོལ་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམས་བྱས་ནས། རྒྱལ་ཁབ་རིམ་པའི་ངོས་ནས་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་གྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། ལག་བསྟར་ཐབས་ལམ་བཅས་ཁ་གསལ་བཟོས་ཏེ། ས་ཁོངས་འཕེལ་རྒྱས་དང་ཐོན་ལས་གྲུབ་ཚུལ། ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཁག་ལ་ཁྱབ་པར་བྱས་ཡོད།

རྒྱལ་ཁབ་ནས་ས་གནས་བར་དུ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བར་དམིགས་ཏེ། བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་འཚོལ་ཞིབ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་ཡོད།

མིག་སྔའི་ཀྲུང་གོ་རུ། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ཕྱོགས་སུ་མགྱོགས་མྱུར་ངང་མདུན་སྐྱོད་བྱེད་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།