ཟླ8པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུ་གསོ་སྐྱོང་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་འཛུགས་སྐྲུན་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུ་གསོ་སྐྱོང་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་སྲོག་ཤིང་ལག་རྩལ་མཁྲེགས་གཏོར་བྱེད་ཚད་ཆེ་རུ་གཏོང་བ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་དུ་འདྲེས་པའི་སྐྱེ་ཁམས་གསར་གཏོད་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་ཐོན་ལས་གསར་པ་དང་རྣམ་པ་གསར་པ། སྒུལ་ནུས་གསར་པ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དམིགས་འབེན་གསལ་ཁྲ་དང་ལས་འགན་གསལ་ཁྲ། འགན་འཁྲིའི་གསལ་ཁྲ་བཅས་དངོས་སྒྱུར་ཞིབ་ཚགས་བཟོས་ཏེ། རེ་རེ་བཞིན་སྐུལ་འདེད་དངོས་འབེབས་བྱེད་པ་དང་དུས་ཚོད་ལྟར་དམིགས་འབེན་མངོན་འགྱུར་བྱེད་པ། གོ་རིམ་རྗེས་མའི་དམིགས་འབེན་གསལ་འགྲེལ་གཏན་འཁེལ་བྱས་ནས་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་མྱུར་དུ་ལོན་པར་བྱེད་དགོས། གཙོ་གནད་ལས་འགན་གཅིག་སྡུད་བྱས་ཏེ། སྟོབས་ཤུགས་སྔར་ལས་ཤུགས་དྲག་དང་། བྱེད་ཐབས་སྔར་ལས་གནད་འཁེལ། དུས་ཚོད་སྔར་ལས་ཁ་གསལ་བཟོས་ནས། ལས་འགན་སོ་སོ་དུས་ལྟར་དངོས་འབེབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས། རྒྱལ་ཁབ་ཀྱི་དམིགས་འབེན་དང་འཐབ་ཇུས་དགོས་མཁོ་དང་སྦྲེལ་མཐུད་དམ་པོ་བྱས་ཏེ། སྟེགས་བུ་རིགས་སོ་སོའི་དོ་དམ་རྐྱེན་སྲོལ་དང་འཁོར་སྐྱོད་རྐྱེན་སྲོལ་མཐུན་སྦྱོར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། དཔྱད་ཞིབ་དཔྱད་འཇོག་དང་འགུལ་རྣམ་ལེགས་སྒྲིག་ཤུགས་དྲག་ཏུ་བཏང་ནས། སྟེགས་བུ་གསོ་སྐྱོང་འཛུགས་སྐྲུན་བྱ་བའི་སྒྲིག་གཞི་དང་བཀོད་པ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་དགོས། རྒྱུ་རྐྱེན་འགན་སྲུང་དང་མ་དངུལ་རྒྱབ་སྐྱོར། འཇོན་མི་ནང་འགུག་གསོ་སྐྱོང་སོགས་གནད་འགག་དམིགས་སུ་བཟུང་སྟེ། གཙོ་གནད་ལས་འགན་དངོས་འཛིན་ཞིབ་ཚགས་དང་ཐབས་བརྒྱ་ཇུས་སྟོང་གིས་དཀའ་གནད་སེལ་ནས། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུའི་སྤྱིའི་འཛུགས་སྐྲུན་སྤུས་ནུས་ཇེ་མཐོར་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། མཉམ་འགུལ་བཀོད་གཏོང་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རྩལ་གྱིས་མཚོ་སྔོན་ལ་རོགས་བྱེད་པ་དང་ཤར་ནུར་རྒྱུད་ཀྱི་ཚན་རྩལ་མཉམ་ལས་རྐྱེན་སྲོལ་བཀོད་སྤྱོད་ཡག་པོ་བྱེད་པ། ཕྱོགས་སོ་སོའི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ན། ཤུགས་མཉམ་འདོན་གྱིས་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་སྤུས་ཚད་མཐོན་པོས་གསོ་སྐྱོང་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཚེ་རིང་ཐར་ཚོགས་འདུར་ཞུགས་པ་དང་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས། འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ཚོགས་འདུའི་སྔོན་དུ། ཚོགས་ཞུགས་མི་སྣས་ཡུལ་དངོས་ནས་བོད་སྨན་དང་སྨན་རྫས་གསར་པ་གསར་སྤེལ་བྱ་བའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ལ་ལྟ་ཞིབ་དང་། ནུས་མང་གསབ་རེས་ཀྱི་ལྗང་མདོག་གསོག་ནུས་བྱ་བའི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།