ཟླ8པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་སྐུལ་སྤེལ་བྱེད་པའི་གྲོས་ཚོགས་དེ་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱིས་འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱས་ནས། རང་ཞིང་གི་འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་ཕྱོགས་བསྡོམས་བྱས་ཤིང་། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་ཏེ། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་སྡུད་མཁན་ལིས་ཧོང་ཡཱ་ཡིས་མགོ་འཛིན་བྱས།
གྲོས་ཚོགས་སྟེང་། ཕྱོགས་ཡོངས་ནས་འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་ལ། གཞི་རྩ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། གཙོ་གནད་ནི་འགན་ནུས་སྡེ་ཁག་གིས་ཁྲིམས་ལྟར་འགན་སྒྲུབ་ཁག་ཁུར་བྱེད་པ། འགག་རྩ་ནི་ཁྲིམས་ལྟར་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་བྱེད་པར་ཤུགས་སྣོན་པ། རྨང་གཞི་ནི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཡིན་ལ། དཀའ་གནད་ནི་རང་ངོས་གསར་བརྗེ་ཡིན་པ་དང་། དམིགས་འབེན་ལས་འགན་ནི་མང་ཚོགས་ཀྱི་རེ་འདུན་རེ་རེ་བསྐོང་མཁན་ཡོད་ལ།དེ་ཚང་མ་ཁྲིམས་ལྟར་སྐུལ་སྤེལ་བྱས་ནས། ཁེ་དབང་དང་འགན་འཁྲི་གསལ་བོ་ཡིན་ལ། འབྱུང་རྩ་ཁ་གསལ་ཡིན་པ་དང་། ཁྲིམས་ལྟར་བསྒྲུབ་པ། སྒྲིག་སྲོལ་ལེགས་པ། མང་ཚོགས་ཡིད་ཚིམ་པ་བཅས་མངོན་འགྱུར་བྱེད་དགོས་པར་བསྟན།
གྲོས་ཚོགས་སྟེང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཐད་ཀར་དུ་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ། རྒྱུན་རྣམ་ཅན་གྱིས་འཕྲིན་བཅར་དང་ལེན་དང་འོག་རིམ་ལ་འཕྲིན་བཅར་བྱེད་པའི་བྱ་འགུལ་སྤེལ་ཞིང་། མང་ཚོགས་ཀྱི་མདུན་དུ་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་། ཡུལ་དངོས་ནས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནས་ཚུལ་ལ་ལན་བཏབ་ནས། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་པ་ལག་བསྟར་བྱེད་དགོས། རྟོག་ཞིབ་སྔོན་སྐྱོད་རྒྱུན་འཁྱོངས་བྱེད་པ་དང་། ཐག་གཅོད་བསམ་བློ་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་དང་འཕྲིན་བཅར་དང་ལེན། རྟོག་ཞིབ་བཅས་ཀྱི་བྱ་འགུལ་སྤེལ་ཏེ། རྟོག་ཞིབ་བརྒྱུད་དེ་གནད་དོན་ངོ་མ་མཐོང་བ་དང་། གནད་དོན་ངོ་མ་ཐག་བཅད་ནས། བྱ་བ་དེ་མང་ཚོགས་ཀྱི་བློར་འབབ་པ་ཞིག་བསྒྲུབ་དགོས། དཔེ་གཞི་རིགས་དབྱེའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རིགས་གཅིག་པ་དང་ཁྱབ་ཁོངས་གཅིག་པའི་འཕྲིན་བཅར་གནད་དོན་གྱི་རིགས་བསྒྲེ་ཞིབ་འཇུག་ལ་ཤུགས་སྣོན་པ། རིགས་སོ་སོའི་དོན་དག་སྣ་ཚོགས་ཀྱི་ཁྱད་ཆོས་དང་། ཆོས་ཉིད། ཐག་གཅོད་བྱེད་ཐབས་བཅས་ལ་དབྱེ་ཞིབ་གསལ་བོ་བྱས་ཏེ། འཕྲིན་བཅར་བྱ་བའི་སྤུས་ཚད་སྔར་ལས་ཇེ་ལེགས་དང་ཕན་ནུས་སྔར་ལས་མཐོར་འདེགས་གཏོང་དགོས། མཇུག་འགྲིལ་གཉིས་བསྒྲུབ་པ་དང་། ཐག་གཅོད་ལེགས་པོ་བྱས་ནས་ཞུ་གཏུག་དང་འཕྲིན་བཅར་བྱེད་མཚམས་འཇོག་པ། དངོས་ཡོད་གནད་དོན་དང་སེམས་ཁམས་གནད་དོན་ཐག་གཅོད་པ་དེ་མཇུག་མཐའི་དམིགས་འབེན་བྱས་ནས། འཕྲིན་བཅར་བྱ་བའི་གོ་རིམ་དང་དངོས་དོན་ཐད་ཀྱི་མཇུག་འགྲིལ་གཉིས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། སེམས་ཤུགས་དང་སྟོབས་ཤུགས་ཡོད་ཚད་བཀོལ་ནས་མང་ཚོགས་ཀྱི་འཕྲིན་བཅར་བྱ་བ་སྣ་ཚོགས་ཐག་གཅོད་བྱས་ཏེ། ངང་རྒྱུད་རིང་ལ་སེམས་ཞིབ་མོས་མང་ཚོགས་ཀྱི་འཕྲིན་བཅར་སྣེ་ལེན་བྱས་ཏེ། འཕྲིན་བཅར་དོན་དག་རེ་རེ་ཐག་གཅོད་བྱེད་པའི་བརྒྱུད་རིམ་འཕྲིན་བཅར་མང་ཚོགས་ཁྲོད་འདྲ་མཉམ་དྲང་བཞག་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། རྨ་ཆེན་རྫོང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་སྤྱི་བདེ་ཐིན་སོགས་ས་ཁུལ་དྲུག་དང་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།
ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་སྡུད་མཁན། འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་གི(ཀྲུའུ་རིན་འཕྲིན་བཅར་ཅུའུ་ཡི་ཅུའུ་ཀྲང་།)ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་འཕྲིན་བཅར་ཅུའུ་ཡི་ཚན་ཁག་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།