《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《〈ཀྲུང་གུང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན〉 གྱི་གསལ་བཤད》ཅེས་པ་སྤེལ།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ8པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།   རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི《〈ཀྲུང་གུང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན〉 གྱི་གསལ་བཤད》ཅེས་པ་སྤེལ།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་ནི་ཏང་གིས་བཅོས་སྒྱུར་སྒོ་འབྱེད་ལ་མགོ་ཁྲིད་བྱས་པའི་ཉམས་མྱོང་བཟང་པོ་ཞིག་རེད། ལག་ལེན་གྱི་ཉམས་མྱོང་དང་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུའི་གྲོས་ཐག་བཅད་པ་དེ་གཙོ་བོ་གཤམ་གསལ་གྱི་ཕྱོགས་འགའི་ཐད་ནས་བསམ་བློ་གཏོང་དགོས།   དང་པོ།   འདི་ནི་མི་སེམས་གཅིག་ཏུ་བསྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་རེད། གཉིས་པ། འདི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། གསུམ་པ། འདི་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་སྔར་ལས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། བཞི་པ། འདི་ནི་ཉེན་ཁ་དང་འགྲན་སློང་ཚབས་ཆེན་ལ་ཁ་གཏད་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་པོ་དང་ཡུན་རིང་བོར་སྤེལ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན།   ཆོད་དོན་འཆར་ཟིན་འགོད་པའི་བརྒྱུད་རིམ་ནང་ང་ཚོས་གཙོ་བོ་གཤམ་གསལ་གྱི་གནད་དོན་འགའ་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ།  གཅིག་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ནས་། བརྩི་སྲུང་བྱེད་པའི་རྩ་དོན་གཏན་འཁེལ་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་འཆར་འགོད་བྱས་ཏེ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་གཙོ་གནད་དམ་འཛིན་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་འབུར་དུ་ཐོན་པ་དང་། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བཅོས་སྒྱུར་གལ་ཆེན་འབུར་དུ་ཐོན་པ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ། བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པ། བཞི་ནི་མི་དམངས་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སྤྱི་ཡོངས་ཀྱི་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཡུན་རིང་གི་ཁེ་ཕན་བཅས་ལ་གཞིགས་ནས་བཅོས་སྒྱུར་ཇུས་འགོད་དང་སྐུལ་འདེད་གཏོང་དགོས། ལྔ་ནི་མ་ལག་འདུས་གྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཅོས་སྒྱུར་གྱི་ཁྱོན་ཡོངས་ཀྱི་འཆར་འགོད་དང་མ་ལག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ལས་ཆོད་ཆེ་རུ་ཡོང་བ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  གཏན་འབེབས་མ་ཟིན་ནང2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། མ་འོངས་པའི་ལོ་ལྔའི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་གཙོར་བཟུང་ནས་བཀོད་སྒྲིག་བྱས་པར་ནང་དོན་བཀོད་སྒྲིག་ཐད་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་པ་རེད། དང་པོ།  དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་བྱ་དགོས། གཉིས་པ། ཕྱོགས་ཡོངས་ནས་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པར་དོ་སྣང་བྱེད་དགོས། གསུམ་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བཞི་པ། གཅིག་གྱུར་གྱིས་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་མཐོང་ཆེན་བྱེད་དགོས། ལྔ་པ། ཏང་གིས་བཅོས་སྒྱུར་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱེད་དགོས།

གཡང་འབུམ་རྒྱལ་གྱིས་བསྒྱུར།