ཟླ8པའི་ཚེས12ཉིན་ནས་ཚེས13ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་ཆས་དོ་དམ་ཁྲིམས་འཛུགས་རྟོག་ཞིབ་སྤེལ།
ལྟ་སྐུལ་མཛུབ་སྟོན་བརྒྱུད་རིམ་ཁྲོད། རྟོག་ཞིབ་ཚན་ཆུང་དེ་མཚོ་སྔོན་བུལ་ལས་འཕེལ་རྒྱས་དངུལ་གཏོང་ཀུང་ཟི་དང་། ཀྲུང་ཡཱན་མཚོ་སྔོན་ཁུ་ནུ་བུལ་རིགས། ཚ་འདམ་ཆེ་བའི་ཡེ་ཆིན། ཧི་ཞིན་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་སུ་སོང་ནས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་གནད་དོན་ལ་ཞིབ་བཤེར་བྱས་རྗེས། མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། མཐའ་གཅིག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་བ། ནུས་ཤུགས་ཡོད་རྒུས་དག་ཐེར་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བ་དང་། གཟེར་འདེབས་སྙིང་སྟོབས་ཀྱིས་དག་ཐེར་ལེགས་བཅོས་བྱ་བར་ཕན་འབྲས་ལེན་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲིམས་འཛུགས་རྟོག་ཞིབ་བརྒྱུད་རིམ་ཁྲོད། རྟོག་ཞིབ་ཚན་ཆུང་གིས་སྙན་ཞུར་ཉན་པ་དང་། བཞུགས་མོལ་བརྗེ་རེས། ཡུལ་དངོས་བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ་གཏེར་ལེན་ཁ་གྲོང་ཁྱེར་ཀྲིན་ཧི་རང་བྱུང་སོལ་རླངས་ཀུང་ཟི་དང་། སྤྱི་སྤྱོད་འགྲིམ་འགྲུལ་གློག་གསོག་ས་ཚིགས། བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་སོགས་ཀྱི་ཁེ་ལས་སུ་སོང་ནས་དམངས་ཚིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། གཞི་རིམ་ཁྲིམས་འཛུགས་འབྲེལ་བའི་ས་ཚིགས་དང་དམངས་ཆེན་འཐུས་མིའི་བསམ་འཆར་དང་གྲོས་གཞི་རྒྱ་ཆེར་སྡུད་ལེན་བྱས། མཚོ་ནུབ་ཁུལ་མཁར་གྲོང་གི་གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་ཆས་དོ་དམ་སྲོལ་ཡིག་ནི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་འཛུགས་ཁག་ཅིག་དང་། གཞུང་ལམ་དང་། ཆུ་འདོན། ཆུ་འབུད། ཞོད་འགོག འོད་འགྱེད། འགྲིམ་འགྲུལ། རླངས་འདོན། ཚ་འདོན་སོགས་ཕྱོགས་མང་པོར་འབྲེལ་བས། ཞིང་ཆེན་དམངས་ཆེན་འཐུས་ཚོགས་ཀྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱེད་ཅིང་། ཁྲིམས་འཛུགས་སྤུས་ཀ་ཇེ་ལེགས་སུ་བཏང་སྟེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་ལ་ཞིབ་བཤེར་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པར་བསྟན།
རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་ད་དུང་ནཱན་པའོ་ནུས་ཁུངས་གསར་བ་དང་། ལའེ་ཏི་པའོ་རྒྱུ་ཆ་གསར་བའི་ཚད་ཡོད་ཀུང་ཟིར་སོང་ནས་ཁེ་ལས་འཁོར་སྐྱོད་དང་ལས་གཞི་གཙོ་བོ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས།
ལྷ་མོ་འཚོས་བསྒྱུར།