ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་ཁྲིམས་སྐྱོང་བགྲོད་ལམ་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ།    བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་དམིགས་ནས།    ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།    མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་འཛིན་བྱས་ཏེ།    མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།    གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་པོའི་ལམ་ལུགས་ཅན་དུ་འཕེལ་རྒྱས་གཏོང་བ།    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས།    སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོ་བ་ཞིག་ཏུ་སླེབས་པར་བྱ་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན།     ངེས་པར་དུ་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱེད་དགོས།    ཁྲིམས་འཛུགས་དང་ཁྲིམས་བསྟར།    ཁྲིམས་འཛིན།    ཁྲིམས་སྲུང་བཅས་རིམ་པ་སོ་སོའི་བཅོས་སྒྱུར་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།    བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།    སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ།    སྤྱི་ཚོགས་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ།    ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་གང་ཅིའི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།     ཧྲིན་ཁྲུན་ཡའོ་ཡིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་སྟེང་ཁྲིམས་འཛུགས་བྱ་བའི་ཐད་ཞིབ་འཇུག་བྱ་གཞི་གསར་པ་དང་བླང་བྱ་གསར་པ་མང་པོ་བཏོན་ཡོད་པས། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་ལན་གསར་པ་འདེབས་དགོས།

ཧྲིན་ཁྲུན་ཡའོ་ཡིས་བསྟན་དོན། བསྐྱོད་ལམ་གསར་པའི་སྟེང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན། སྔར་ལས་ལྷག་པའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བཅོས་སྒྱུར་དང་ཁྲིམས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་ཤུགས་སྣོན་དགོས།     གོ་རིམ་རྗེས་མར་རྒྱལ་ཡོངས་དམངས་ཆེན་གྱིས་ཁྲིམས་འཛུགས་ཁྱབ་ཁོངས་ནང་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་དང་།    དངུལ་རྩའི་བཅའ་ཁྲིམས།   སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སོགས་བཅའ་ཁྲིམས་མང་པོ་བཟོ་དགོས།     རིམ་པ་བགོས་ནས་སྐུལ་འདེད་གཏོང་དགོས་པའི་ལམ་ལུགས་གསར་གཏོད་བྱེད་ཐབས་ལ།    “ཐག་གཅོད་དང་ཁྲིམས་འཛུགས”དང“ཐག་གཅོད་དང་བཅའ་ཁྲིམས་བཟོ་བཅོས”སོགས་ཀྱི་བྱེད་ཐབས་སྤྱད་ནས། སྔོན་ལ་ཁྲིམས་ལྟར་འབྲེལ་ཡོད་ཆོད་དོན་བཟོ་བ་དང་།    དེ་ནས་འབྲེལ་ཡོད་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་བྱ་བ་དུས་ཐོག་ཏུ་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།