ཟླ8པའི་ཚེས14ཉིན། 2024ལོའི་ཞིང་ཆེན་ཡོངས་ཀྱི“བཟང་བཞིའི་ཞིང་སྡེའི་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“བཟང་བཞིའི་ཞིང་སྡེའི་ལམ”འཛུགས་སྐྲུན་བྱེད་པའི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། 2024ལོའི་རྒྱལ་ཡོངས་ཀྱི“བཟང་བཞིའི་ཞིང་སྡེའི་ལམ”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་བཀོད་སྒྲིག་ལྟར། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་གཅིག་གྱུར་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“བཟང་བཞིའི་ཞིང་སྡེའི་ལམ”གྱི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། གྲོས་ཚོགས་ཀྱི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་བླང་བྱ་བཏོན།
ཁྲིན་ཀང་གིས་བསྟན་དོན། “བཟང་བཞིའི་ཞིང་སྡེའི་ལམ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་སྒྲིག་གནང་བའི་དམངས་འཚོའི་བཟོ་སྐྲུན་གལ་ཆེན་ཞིག་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་དང་གནད་འགག་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བཟང་བཞིའི་ཞིང་སྡེའི་ལམ”སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རེས་སྐོར་གསར་པའི་ཞིང་སྡེའི་གཞུང་ལམ་མཐོར་འདེགས་འགུལ་སྐྱོད་ལག་བསྟར་བཟང་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་སྔར་ལས་བཟང་པོ་བསྐྲུན་པ་དང་། དོ་དམ་སྔར་ལས་བཟང་པོ་བྱེད་པ། སྲུང་སྐྱོང་སྔར་ལས་བཟང་པོ་བྱེད་པ། གཉེར་སྐྱོང་སྔར་ལས་བཟང་པོ་བྱེད་པ་བཅས་བྱས་ཏེ། རོང་འབྲོག་ཁུལ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མཉམ་དུ་ཕྱུག་པོར་འགྱུར་བར་འགྲིམ་འགྲུལ་གྱི་འགན་སྲུང་བརྟན་པོ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ལོ་ངོ་བཅུའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཟང་བཞིའི་ཞིང་སྡེའི་ལམ”སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་། བདེ་འཇགས་སྤུས་ཚད་རྩ་བར་འཛིན་པ། མགྲོན་པོ་དང་དངོས་ཟོག ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། མ་དངུལ་ཉུང་ཙམ་བཏང་ནས་དོན་ཆེན་སྒྲུབ་པ། རིག་ནུས་ཅན་དང་ཆ་འཕྲིན་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཅངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་ནན་མོ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཚོ་སྔོན་གྱི་ཁྱད་རྟགས་ཡོད་པའི་ཞིང་སྡེའི་གཞུང་ལམ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཙོ་གནད་དང་དཀའ་གནད་ལ་དམིགས་ནས་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་སྤུས་ཚད་མཐོ་བའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ལམ་དྲའི་རིམ་པ་མཐོ་རུ་གཏོང་བ། ཞིང་སྡེའི་གཞུང་ལམ་གྱི་དངུལ་གཏོང་བརྟན་པོ་ཡོང་བ་བཅས་བྱས་ནས། གྲོང་གསེབ་དར་སྤེལ་གཏོང་བའི“མཇུག་མཐའི་སྤྱི་ལེ་གཅིག”བསྐྲུན་དགོས་པ་དང་། ཆུ་ཚད་མཐོ་བའི་དོ་དམ་རྒྱུན་འཁྱོངས་བྱས་ཏེ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། མགྱོགས་མྱུར་སྒོས་གཞི་གྲངས་རིགས་ནུས་ཚུལ་སྒྱུར་བྱེད་པ་བཅས་བྱས་ནས་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་བདག་སྐྱོང་རྒྱུན་འཁྱོངས་བྱས་ཏེ་བདེ་འཇགས་འགན་སྲུང་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། བདག་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། རྒུད་ཚབ་ལས་སྤྲོད་ཀྱི་སྲིད་ཇུས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ནས་བདག་སྐྱོང་དོ་དམ་གྱི་ཕན་ནུས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ལས་ཆོད་ཆེ་བའི་གཉེར་སྐྱོང་རྒྱུན་འཁྱོངས་བྱས་ནས་འགྲུལ་སྐྱེལ་རྩ་འཛུགས་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། “མྱུར་སྐྱེལ་སྡེ་བརདར་བར་བྱེད་པའི”བྱ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐྱེལ་འདྲེན་ཞབས་ཞུའི་མཇུག་སྣེའི་འཁོར་རྒྱུག་གེགས་མེད་ཡོང་བར་བྱེད་དགོས། ཚད་གཞི་མཐོ་བའི་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ཏེ“དར་སྤེལ་གྱི་ལམ”ཡག་པོ་ལས་ནས་གྲོང་གསེབ་ལ་བདེ་སྐྱིད་ཀྱི་ལམ་བུ་འདིང་བ་དང་། “སེམས་འབྲེལ་ལམ”ཡག་པོ་ལས་ནས་གྲོང་གསེབ་ལ་བློ་ཡིད་ཚིམས་པའི་ལམ་བུ་འདིང་བ། “ཕྱུག་འགྱུར་ལམ”ཡག་པོ་ལས་ནས་གྲོང་གསེབ་ལ་ཡུལ་སྐོར་གྱི་ལམ་བུ་འདིང་བ་བཅས་བྱས་ནས། རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་གི་ཞིང་སྡེའི་ལམ་བུ་གཏོད་དགོས་ལ། ཞིང་ཆེན་ཡོངས་ཀྱི“བཟང་བཞིའི་ཞིང་སྡེའི་ལམ”འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཀྱི་སྐབས་སུ། ཚོགས་ཞུགས་མི་སྣ་རྣམས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ“བཟང་བཞིའི་ཞིང་སྡེའི་ལམ”འཛུགས་སྐྲུན་ལ་ལྟ་སྐོར་བྱེད་དུ་སོང་།
ཤ་བོ་རིན་མཚོས་བསྒྱུར།