ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.08.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ8པའི་ཚེས15ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཝེ་ཙིན་པོ་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་སུན་ཧྥ་ཕིང་། རྒྱལ་ཁབ་ཞིབ་དཔྱོད་དཔོན་པོའི་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་གླིང་གཙོ་མཱ་ཐེན་ཧྲན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དཔལ་འབྱོར་ཞིབ་འཇུག་ཁང་གི་དཔོན་པོ། ཞིབ་འཇུག་པ་ཏུའུ་ཆེན་ཧྭ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧའོ་ཞ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་ཞིབ་འཇུག་པུའུ་ཡི་འཆད་ཁྲིད་པ་ཝང་ཏའོ་ཞིན་བཅས་སོ་སོར་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཁྲིམས་འཛིན་ཐིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་དངུལ་རྩ་གཞུང་སྒྲུབ་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སོགས་ས་ཁུལ་དང་སྡེ་ཁག་ཏུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་དང་རྗེས་དྲན་རྡོ་རིང་ལྟ་བུའི་དོན་སྙིང་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ། སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན་དང་བྱེད་ཐབས་གལ་ཆེན་ལ་དམ་དུ་དམིགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་ཀློག་དང་འགྲེལ་བཤད་ཟབ་མོ་དང་ཆ་ཚང་བྱས། སྒྲོག་འགྲེལ་ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་ལ། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་སྒྲོག་འགྲེལ་ལ་ཉན་པ་དང་ནན་ཏན་སྒོས་ཟིན་བྲིས་བཏབ།

ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་ཕྱོགས་ཡོངས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དྲུང་ཡིག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཆིན་ཧུའུ་ཡིས་བཤད་རྒྱུར། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་འཆར་གཞི་བཀོད་ཟིན་པ་དང་དུང་བརྡ་བསྒྲགས་ཟིན་པས། ཁྲིམས་འཛིན་སྲིད་འཛིན་བྱ་བའི་འགན་འཁྲི་ངེས་གཏན་ལ་རྐང་འཛུགས་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་གྱི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་བ། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། སྤྱི་ཡོངས་ནས་འཆར་འགོད་བྱེད་པ་དང་སྤྱི་ཁོག་ནས་སྐུལ་འདེད་གཏོང་བ། གཅིག་འདོམས་མཐུན་སྦྱོར་བྱེད་པ། ལག་བསྟར་ལ་སྐུལ་འདེད་གཏོང་བ། དཔེ་མཚོན་སྐུལ་སྤེལ་གཏོང་བའི་སྟེང་ཤུགས་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་སློབ་གསོ་ཐིན་མཐོ་རིམ་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཚའེ་ལེན་ཀྲིན་གྱིས་བཤད་རྒྱུར། སྒྲོག་འགྲེལ་སྙན་ཞུའི་མཐོང་རྒྱ་ཡངས་ཤིང་གོ་རིམ་གསལ་ལ། ང་ཚོའི་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་ཐད་ཀྱི་ངོས་འཛིན་སྔར་ལས་ཇེ་གསལ་དུ་བཏང་བས། ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་རིགས་བགར་ཁྱད་ལྡན་འཕེལ་རྒྱས་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། རིག་ཚན་དང་ཆེད་ལས་མ་ལག་གི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། རང་ས་ཆའི་ཤེས་ལྡན་མི་སྣ་གསོ་སྦྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་ཞིབ་འཇུག་གི་སྟེགས་བུ་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གྲྭས་སྐྱེ་ཁམས་ཁོར་ཡུག་དང་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ། ལྗང་མདོག་རྩིས་ནུས། མཐོ་སྒང་གི་ཞིང་ཕྱུགས་ལས་སོགས་ཁྱབ་ཁོངས་ནས་ཚན་རིག་ཞིབ་འཇུག་དང་ལག་རྩལ་འགག་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།

མཚོ་ནུབ་ཁུལ་དམངས་སྲིད་ཅུའུ་སྤྱི་ཚོགས་རོགས་སྐྱོར་དང་ཕན་བདེ་ཚན་ཁག་གི་ཚན་གཙོ་ཀྲ་པེན་གྱིས། སྒྲོག་འགྲེལ་སྙན་ཞུ་ཡིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་རྒྱུས་ལོན་དང་ཕྱོགས་ཡོངས་ལག་བསྟར་བྱེད་པའི་ཐད་ཤུགས་དང་ལྡན་པའི་མཛུབ་སྟོན་འདོན་སྤྲོད་བྱས། ང་ཚོས་ཐེངས་འདིའི་སྒྲོག་འགྲེལ་དེ་གོ་སྐབས་སུ་བརྩིས་ནས། སློབ་སྦྱོང་ཟབ་མོ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པ། ཤེས་གསལ་ཀུན་ཆུབ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། མཚོ་ཤར་གྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་མ་དཔེ་གསར་སྐྲུན་བྱེད་པ། དམིགས་བསལ་གྱི་ལོ་ལོན་མི་ཚོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ། རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། རྒན་གསོ་ཞབས་ཞུའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེར་སྐྱེད་པ། དགོས་མཁོ་ལྟར་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བཟང་བོ་བྱས་ཏེ། སེམས་ཤུགས་ཡོད་ཚད་བཏོན་ནས་ལོ་ལོན་བསམ་པ་དང་ལོ་ལོན་ལ་ཕན་པའི་ཞབས་ཞུ་བཟང་བོར་བསྒྲུབ་དགོས།

རིན་ཆེན་མཚོས་བསྒྱུར།