ལིའུ་གོ་ཀྲུང2024ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་གནས་ཡུལ་གཙོ་བོའི་བྱེད་སྒོའི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
2024.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

2024ལོའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་གནས་ཡུལ་གཙོ་བོའི་བྱེད་སྒོ་ཚེས15ཉིན་ཧྥུའུ་ཅན་སན་མེན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།

ལིའུ་གོ་ཀྲུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཅུག་པ་དང་། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་སྔར་ལས་མངོན་གསལ་ཅན་དུ་ཕྱིན་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་ལས་གཞན། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་ལས་དོན་བཅས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་མཐར། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་སྒོ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་བསྟན།

ལིའུ་གོ་ཀྲུང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གཉིས་པ་སླེབས་ལ་ཉེ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་འཕྲིན་ལན་བསྐུར་ནས། རི་ཀླུང་རྟག་ཏུ་གནས་པ་དང་དྭངས་གཙང་གི་ཆུ་མོ་ཆད་མེད་དུ་བཞུར་ཐུབ་པ། མཁའ་དབུགས་རྟག་ཏུ་གསར་པ་ཡིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་རེ་བ་ནན་མོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་ཉིན་མོའི་བྱེད་སྒོ་གོ་སྐབས་སུ་བཟུང་ནས། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེ་རུ་བཏང་ནས། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།