ཟླ8པའི་ཚེས14ཉིན་གྱི་ཕྱི་དྲོར། ཕྱི་འབྲེལ་པུའུ་གཞུང་ཚབ་ཚན་ཙན་གྱི་སློབ་སྦྱོང་འཛིན་གྲྭ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བའི་ཞིང་ཆེན་གནས་ཚུལ་མཚམས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་གྱི་གནས་ཚུལ་མཚམས་སྦྱོར་བྱས། འཇར་པན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཝུའུ་ཅང་ཧའོ་དང་། གཞུང་ཚབ་ཆེན་མོའི་འདེམ་སྒུག་པ་ཚའེ་རོན་གཉིས་ཀྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་སློབ་སྦྱོང་འཛིན་གྲྭ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། ཕྱི་འབྲེལ་དཔོན་རྣམས་ཀྱིས་བརྩེ་བའི་མིག་རྒྱང་རིང་དུ་བསྲིང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་བྱས་རྗེས་བཞག་པར་གུས་སེམས་བསྟན། ཁྲིན་ཀང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སྣེ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱིས་རྒྱུན་ཆད་མེད་པར་རྣམ་པ་གསར་པ་བསྐྲུན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གསུམ་ལ་མཐོ་སྒང་དུ་ཕེབས་ནས་མཚོ་སྔོན་དུ་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ནུས་མང་པོ་བསྩལ་ཡོད་ལ། མཐོ་སྒང་གི་བུ་དང་བུ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་སྟེང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་ཐཱན་ཉུང་འབུར་ཐོན་ཡོང་བར་བྱེད་པ། དག་གཙང་ནུས་ཁུངས་སོགས་དགེ་མཚན་ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། ལྗང་མདོག་གློག་ནུས་ལྗང་མདོག་རྩིས་ནུས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱ་ཇེ་ཆེ་ནས་ཇེ་ཆེར་གཏོང་རྒྱུ་ཡིན། ཐེངས་འདིའི་སློབ་སྦྱོང་འཛིན་གྲྭ་དེ་མཚོ་སྔོན་ནས་བསྡུས་པ་དེས། ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་ལ་ཐུགས་ཁུར་གཅེས་སྐྱོང་གནང་བ་མཚོན་ལ། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་རྩ་ཆེའི་གོ་སྐབས་དང་སྟེགས་བུ་འདོན་སྤྲོད་བྱས། ཕྱི་འབྲེལ་དཔོན་རྣམས་ཀྱིས་ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བརྩིས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། དག་གཙང་ནུས་ཁུངས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་རོགས་བྱས་ནས། མཚོ་སྔོན་སྔར་ལས་བཟང་པོའི་སྒོ་ནས་རྒྱལ་ཡོངས་སུ་བསྐྱོད་པ་དང་འཛམ་གླིང་ལ་ཁ་ཕྱོགས་པའི་རེ་བ་བྱས་ཡོད།
ཝུའུ་ཅང་ཧའོ་དང་ཚའེ་རོན་གཉིས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་སྦྱོང་འཛིན་གྲྭ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱེད་པའི་བྱ་བར་མཐོང་ཆེན་བྱས་པར་བཀའ་དྲིན་ཆེ་ཞུས། ཐེངས་འདིར་མཚོ་སྔོན་དུ་ཡོང་བ་དེ་ནི་སློབ་སྦྱོང་ཐེངས་ཤིག་དང་རྟོག་ཞིབ་ཐེངས་ཤིག བྱས་རྗེས་བརྩོན་ལེན་བྱེད་ཐེངས་ཤིག་ཡིན་པའི་ཡིད་ཆེས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་པ་ཡུལ་དངོས་ནས་ཉམས་སུ་ལེན་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཤུགས་ཇེ་ཟབ་ཏུ་གཏོང་རྒྱུ་མ་ཟད། ནུས་ཤུགས་ཡོད་ཚད་ཀྱིས་མཚོ་སྔོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཏམ་རྒྱུད་སྔར་ལས་བཟང་པོར་བཤད་རྒྱུ་མ་ཟད། དུས་མཉམ་དུ། ཆ་འཕྲིན་མཐུན་སྦྱོར་དང་འབྲེལ་ཟབ་འཛུགས་པའི་དགེ་མཚན་འདོན་སྤེལ་བྱས་ནས། ཕྱི་འབྲེལ་ལས་ཡུལ་དང་པོའི་ཐོན་ཁུངས་དང་མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོ་སྦྲེལ་མཐུད་བྱས་ཏེ། སྔར་ལས་ལྷག་པར་ཕྱི་འབྲེལ་གྱི་དཀྱིལ་སྙིང་བྱ་བར་ཞབས་འདེགས་ཞུ་བ་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཚོགས་ཐོག་ཏུ། ཕྱི་འབྲེལ་པུའུ་ཏང་ཨུའི་རྒྱལ་ཁབ་ཕྱིའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཞུའུ་ཧང་གིས་སློབ་སྦྱོང་འཛིན་གྲྭའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས། འབྲེལ་སྡོད་ཕྱི་སྡོད་གཞུང་ཚབ་ཆེན་མོ་དང་། སྤྱིའི་ལས་འཛིན་པ་སོགས་མཐོ་རིམ་ཕྱི་འབྲེལ་དཔོན་པོ། རང་ཞིང་གི་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་མཚོ་སྔོན་དུ་ཡོང་བའི་ཕྱི་འབྲེལ་པུའུ་གཞུང་ཚབ་ཚན་ཙན་གྱི་སློབ་སྦྱོང་འཛིན་གྲྭར་བསྡོམས་པས་མི46ཡོད་པ་དང་། མཚོ་སྔོན་དུ་ཡོད་པའི་སྐབས་སུ་རང་ཞིང་གི་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་དུ་རྟོག་ཞིབ་བྱ་རྒྱུ་དང་། རྒྱལ་ཁབ་གནས་ཚུལ་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་ཕུགས་བསམ་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།