ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།
2024.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ8པའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། ཏང་ཀྲུང་དབྱང་གི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་འདོད་བློ། བྱ་སྤྱོད་བཅས་གཅིག་གྱུར་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་སྒོས་བཅོས་སྒྱུར་གྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་སྐོར་གྱི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་པའི་ཐད་གནང་བའི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།  དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་སྣེ་ཁྲིད་དུ་བྱས་ཏེ། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་དང་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོ་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཁྲེགས་གཏོར་ཐོད་བརྒལ་ལ་དམ་པོར་དམིགས་ཏེ། བཅོས་སྒྱུར་གྱི་ཕན་འབྲས་མངོན་སུམ་ཇེ་མཐོར་གཏོང་དགོས། འདུས་གྲུབ་མཉམ་འགུལ་ལ་ཤུགས་སྣོན་པ་དང་སྡེབ་སྒྲིག་རྣམ་པའི་ཤུགས་མཉམ་འདོན་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་ཚང་མས་ཕྱོགས་གཅིག་ནས་ནུས་པ་འདོན་རྒྱུར་སྐུལ་འདེད་བཏང་སྟེ། གནད་དོན་གལ་ཆེན་ཁག་གཅིག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གོང་འོག་མཐུན་སྦྱོར་དང་ཉུང་ངུ་ཟུང་འབྲེལ་བྱས་ཏེ། གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་བཅོས་སྒྱུར་ཟབ་སྤེལ་དང་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་དམིགས་འབེན་གཏན་འཁེལ་བྱས་ནས་ལྷོད་གཡེང་མི་བྱེད་པར་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པར་ཤུགས་སྣོན་དགོས། ནང་མཁོ་སྔར་ལས་ནུས་ལྡན་ངང་རྒྱ་སྐྱེད་པ་དང་འཛད་སྤྱོད་འཕེལ་རྒྱུ་གཙོ་གནད་དུ་བཟུང་སྟེ། དམིགས་འབེན་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཤར་གཏོང་ཐུབ་པར་འགན་ལེན་བྱེད་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་འཕར་སྣོན་རང་བཞིན་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་དམ་འཛིན་ལེགས་པོ་བྱེད་རྒྱུ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ཇེ་མགྱོགས་སུ་གཏོང་བ། འཛད་སྤྱོད་འབོར་ཆེན་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་གཞིགས་ནས་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་གཏན་འབེབས་བྱས་ཏེ། འཛད་སྤྱོད་ཀྱི་སྦས་ཤུགས་སྔོན་འདོན་གང་ལེགས་བྱེད་དགོས། མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བར་སྲིད་གཞུང་གི་མ་དངུལ་འཇོག་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་ལེགས་པོ་བྱེད་རྒྱུ་དང་། དམངས་ཁྲོད་ཀྱི་མ་དངུལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་ལེགས་པོ་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དེ་མ་དངུལ་དུ་སྤྱོད་པའི་ཁྱབ་ཁོངས་དང་གཞི་ཁྱོན། བསྡུར་ཚད་བཅས་སྔར་ལས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་གཏོང་བར་སྔར་ལས་རྒྱ་ཁྱབ་ཏུ་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་ཁེ་ལས་བར་གྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་བརྗེ་རེས་ལམ་སྲོལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱི་འབོད་སྐུལ་ཐོས་ཐུབ་པ་དང་ཉན་ཐུབ་པར་བྱས་ཏེ། ཁེ་ལས་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་ཁྱབ་བརྡལ་བེད་སྤྱོད་དང་རིམ་འཇུག་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ། གཞི་གྲངས་ཅན་གྱི་ཚུལ་སྒྱུར་ལ་སྐུལ་འདེད་ནན་མོ་གཏོང་བ། ས་གནས་ཀྱིས་ཁྱད་ཆོས་ལ་གཞི་ཚུགས་ནས་ལེགས་ཆ་ལྡན་པའི་ཐོན་ལས་གཏོད་པར་བསྔགས་སྐུལ་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཆང་གིས་རང་འགུལ་ངང་སྟབས་བསྟུན་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ལྗང་མདོག་ཚོང་དོན་དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ཕྱི་ཕྱོགས་ཚོང་དོན་གྱི་འཕར་གཞི་གསར་པ་རྒྱ་ཆེར་གཏོང་བ། ཁེ་ལས་ཀྱིས་སྣ་མང་ཅན་གྱི་ཁྲོམ་ར་གསར་འབྱེད་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་མ་དངུལ་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། དམངས་འཚོར་འགན་སྲུང་དང་ཇེ་ལེགས་སུ་ཏན་ཏིག་གཏོང་བ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བཅས་བྱས་ཏེ། གཞི་རིམ་གྱི “འགན་ལེན་གསུམ”གྱི་མ་མཐའི་མཚམས་ཐིག་བརྟན་པོ་ཡོང་བར་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་གང་ལེགས་བྱེད་དགོས། གནོད་འཚེ་སྔོན་འགོག་དང་གནོད་སེལ་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་སྲིད་གཞུང་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་གང་ཐུབ་བྱེད་དགོས། སྲིད་གཞུང་གི་རིམ་པ་སོ་སོས་ཁྲིམས་ལྟར་སྲིད་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་བསྟར་བྱེད་སྟངས་ལེགས་སྒྱུར་བྱེད་པ། སྲིད་འཛིན་གྱི་མ་གོང་ཇེ་དམའ་རུ་གཏོང་བ་དང་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་དགོས། སྲིད་འཛིན་ཁྲིམས་བསྟར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོབ་བྱ་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་དགོས་པ་དང་། གང་བྱུང་དུ་ཞིབ་བཤེར་དང་གང་བྱུང་དུ་དངུལ་ཆད་གཅོད་པ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ། ཚོང་གཉེར་ཁོར་ཡུག་བཟང་པོར་བརྟེན་ནས་ཚོང་གཉེར་བྱེད་མཁན་སྣ་ཚོགས་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་་སོ་སོའི་སྲིད་གཞུང་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་འགན་འཁུར་བ་གཙོ་བོས་བརྙན་ལམ་ནས་ས་གནས་དེ་ག་རུ་ཚོགས་འདུར་ཟུར་ཞུགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།