ཟླ8པའི་ཚེས16ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་སུམ་ཅུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁྲིམས་འགལ་ཟ་འཐུང་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་སློབ་སྦྱོང་བྱས་ལ། ཏང་ཙུའུ་ཁོངས་མིས་བགྲོ་གླེང་གཏམ་བཤད་སྤེལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚོགས་ཐོག་ནས་བསྟན་དོན། ཞོད་འགོག་འབྲུབ་འགོག་གནོད་སྐྱོབ་དང་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་དམངསགཙོ་ཏང་ཁག་སོ་སོའི་བར་གྱི་མཉམ་ལས་མཉམ་སྒྲུབ་ཤུགས་སྣོན་པར་སྐུལ་འདེད་གཏོང་བ། མཚོ་འགྲམ་འཇབ་འགོག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བཀོད་སྒྲིག་དང་བྱ་བའི་རེ་བ་ལྟར། སློབ་སྦྱོང་དང་རྒྱུས་ལོན་ནན་མོ་བྱེད་པ་དང་། དམངས་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ནས། ལག་བསྟར་དམ་འཛིན་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་གྲོས་དོན་དང་པོའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ལག་བསྟར་གཏིང་ཟབ་བྱེད་པ་དང་ཕན་འབྲས་ལེན་པར་སྐུལ་འདེད་གཏོང་དགོས། བག་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ་དང་། འཕྲལ་བསྟུན་དང་ལས་རེས་ལས་སྲུང་བྱ་བར་ཤུགས་སྣོན་པ། ནམ་ཡང་སེམས་ཁྲལ་བྱེད་པའི་འགན་འཁྲི་ཁག་ཁུར་ལ་བརྟེན་ནས། ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས། གྲ་སྒྲིག་བཟང་བོ་བྱེད་པ་དང་རྩ་འཛུགས་ཞིབ་མོ་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྗེས་དྲན་ཞུ་བ་དང་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ཞེ་ལྔ་འཁོར་བར་རྗེས་དྲན་ཞུ་བའི་མུ་འབྲེལ་བྱ་འགུལ་སྤེལ་དགོས། བཅོས་སྐྱོང་བྱ་བའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྒྲིག་ལམ་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དམངས་ཆེན་ལས་ཁུངས་ཀྱི་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
ཚོགས་ཐོག་ནས་ད་དུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་ཁྲིམས་འགལ་ཟ་འཐུང་གནད་དོན་བཅོས་སྐྱོང་ཟབ་མོ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་ལག་བསྟར་བྱེད་པའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི་དང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོ་བྱ་བའི་གནས་ཚུལ་སོགས་ཀྱི་ཡར་ཞུ་ལ་ཉན་པར་མ་ཟད་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།