སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་དེ་ཞིབ་འཇུག་ནས་ཉེར་སྤྱོད་བར་དང་དེ་ནས་ཐོན་སྐྱེད་བར་གྱི་ཚན་རིག་ཞིབ་འཇུག་འབྲེལ་ཐག་གི་འགོ་རྩོམ་སའི་སྣེ་རུ་གནས་ཡོད་པའི་དབང་གིས། རྩིག་རྨང་བརྟན་པོ་བཏིང་བ་ཡིན་ན། གཞི་ནས་ཚན་རྩལ་བྱ་གཞག་གི་ཐོག་ཁང་མཐོན་པོ་བསྐྲུན་ཐུབ་ཅེས་གསུངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་ཅིང་། དེའི་ནང་རྨང་གཞིའི་ཞིབ་འཇུག་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས་ཞེས་དངོས་སུ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ས་གནས་སོ་སོས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་ཞིབ་འཇུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་རང་སྟོབས་རང་སྤེལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ཡོད།
རྨང་གཞིའི་ཞིབ་འཇུག་ནི་ཚན་རྩལ་གསར་གཏོད་ཀྱི་འབྱུང་རྩ་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་དང་སྣོལ་སྡེབ་མདུན་གྲལ་ཁྱབ་ཁོངས། གཙོ་གནད་ཁྱབ་ཁོངས་བཅས་ཀྱི་རྒྱང་ལྟའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གཏོང་སྒོ་ཡི་རྨང་གཞིའི་ཞིབ་འཇུག་ཐད་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས་ཞེས་དངོས་སུ་བཏོན་ཡོད།
ཀོང་ཏུང་ཞིང་ཆེན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚན་རྩལ་གསར་གཏོད་ཐད་སྲོལ་ཡིག་བཏོན་པ་དེའི་ནང“རྨང་གཞིའི་ཞིབ་འཇུག”གི་ལེའུ་ཆེད་དུ་བཙུགས་ནས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཚན་རྩལ་ཆེད་དོན་མ་དངུལ་དེ་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཀྱི་གསུམ་ཆ་གཅིག་ལས་མི་ཉུང་བ་ཁ་གསལ་བཟོས་ཏེ། རྨང་གཞིའི་ཞིབ་འཇུག་ལ“བརྟན་པོའི་ངང་རྒྱབ་སྐྱོར་དང་དུས་ཡུན་རིང་པོའི་དཔྱད་ཞིབ”འཚོལ་ཞིབ་བྱས་ཡོད།
ད་ལོ་ཀོང་ཏུང་གིས་དངོས་ལུགས་དང་རྫས་འགྱུར། སའི་གོ་ལའི་ཚན་རིག་སོགས་ཁྱབ་ཁོངས་སུ། སྐོར་ཁག་དང་པོའི་ཞིང་ཆེན་གྱི་རྨང་གཞིའི་རིག་ཚན་ཞིབ་འཇུག་ལྟེ་གནས་ལྔ་དངོས་སུ་བཙུགས་ནས། བསྟུད་མར་ལོ་ལྔའི་རིང་ལ། ལྟེ་གནས་རེར་ལོ་ལྟར་སྒོར་ས་ཡ་བརྒྱད་ཀྱིས་རྒྱབ་སྐྱོར་བྱས་ཡོད་ལ། དུས་མཚུངས་སུ། རྨང་གཞིའི་རིག་ཚན་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ཏེ། ལེགས་ཆ་མངོན་གསལ་ཅན་གྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་རང་བདག་སྒོས་བརྗོད་གཞི་འདེམས་པ་དང་རང་བདག་སྒོས་རྩ་འཛུགས་བྱེད་པ། རང་བདག་སྒོས་གྲོན་དངུལ་བེད་སྤྱོད་བཅས་བྱས་ནས་ཚན་རིག་ཞིབ་འཇུག་ཟབ་སྤེལ་བྱེད་ཀྱིན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། རྩ་འཛུགས་ཡོད་པའི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་ཞེས་དངོས་སུ་བཏོན་ཡོད། ས་གནས་དང་སྡེ་ཁག་སོ་སོས་ཚན་རིག་གི་གནད་དོན་གལ་ཆེན་ལ་ཁ་ཕྱོགས་ནས་མཐུན་སྦྱོར་མཁྲེགས་གཏོར་བྱེད་ནུས་སྔར་ལས་ཆེ་རུ་གཏོང་དགོས།
པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱིས་རེས་སྐོར་གསར་པའི་རྨང་གཞིའི་ཞིབ་འཇུག་མཉམ་ལས་ཀྱི་ཆེད་དོན་ལས་གཞི་སྤེལ་འགོ་བརྩམས་ནས། ནུས་ཁུངས་གསར་པ་དང་རིག་ནུས་དྲ་སྦྲེལ་རླངས་འཁོར། འཕྲུལ་ཆས་ཀྱི་མི་བཅས་ཐོན་ལས་ཕྲེང་འབྲེལ་ཆེན་པོ་གཉིས་ཀྱི་རྨང་གཞིའི་ཚན་རིག་གནད་དོན་དང་མདུན་གྲལ་ལག་རྩལ་གྱི་གནད་དོན་ལ་དམ་པོར་དམིགས་ཏེ། ཞིབ་འཇུག་ཁ་ཕྱོགས14དངོས་སུ་བཙུགས་ཡོད། མིག་སྔའི་བར་ཆེད་དོན་ལས་གཞི་དེ་དག་གིས་ས་གནས་གསུམ་གྱི་ཚན་རིག་ཞིབ་འཇུག་ཚོགས་པ500ལྷག་ཙམ་གྱིས་མཉམ་ལས་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རིམ་རྩིས་བྱས་ན་ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས40ལྷག་ཙམ་ཐོབ་ཡོད།
ཧྲའན་ཞི་ཡིས་རང་ངོས་ཀྱི་ཚན་རིག་སློབ་གསོའི་ཐོན་ཁུངས་དངོས་ནས་རྐང་ཚུགས་པར་བྱས་ནས། རྒྱལ་ཡོངས་ཀྱི་དགེ་མཚན་ཆེ་བའི་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་བསྡུ་འགུགས་དང་གཅིག་སྡུད་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ཟབ་སྤེལ་བྱས་ཡོད། མིག་སྔར་ཞི་ཨན་དུ་གནས་པའི་རྒྱལ་ཁབ་དུས་ཚོད་སྤྲོད་པའི་ལྟེ་གནས་དང་ཝུའུ་ཧན་དུ་གནས་པའི་ཞིབ་ཚགས་ཚད་འཇལ་ཁང་གིས་དུས་ཚོད་ཚད་གཞི་དང་ཉེར་སྤྱོད་གཙོ་གནད་ཚོད་ལྟ་ཁང་ལ་བརྟེན་ནས། བོངས་ཚད་ཧ་ཅང་ཆུང་བའི་ཉིང་ལྷེབ་ཀྱི་མ་རྡུལ་ཆུ་ཚོད་ལ་མཉམ་དུ་མཁྲེགས་གཏོར་བྱེད་བཞིན་ཡོད་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་ཆུ་འོག་ཕྱོགས་སྟོན་དང་མི་མེད་གནམ་གྲུ་ཆུང་གྲས་སོགས་ཁྱབ་ཁོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཆེད། ས་གནས་སོ་སོས་ད་དུང་ཆུ་ཚད་མཐོ་བའི་འདེགས་སྐྱོར་སྟེགས་བུ་འཛུགས་སྐྲུན་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་རྐང་འཛིན་དྲ་རྒྱ་སྟོབས་ཆེན་མགྱོགས་མྱུར་ངང་གྲུབ་པར་འབད་ཀྱིན་ཡོད།
ཅང་སུའུ་རུ་རྨང་གཞིའི་ཞིབ་འཇུག་གི་གཙོ་གནད་ལས་གཞི56ལག་བསྟར་གང་མགྱོགས་བྱེད་བཞིན་ཡོད། ད་ལོར་ཅང་སུའུ་ཡིས་ཆེད་དོན་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་བརྒྱད་གསར་དུ་གྲ་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཚོད་ལྟ་ཁང་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང40ལས་བརྒལ་རྒྱུའི་ཐད་བརྩོན་ལེན་བྱེད་ཀྱིན་ཡོད།
ཧྲང་ཧའེ་རུ་དངོས་སུ་བཙུགས་ཟིན་པ་དང་འཛུགས་སྐྲུན་བྱེད་བཞིན་པ། འཆར་འགོད་བྱས་ཟིན་པ་བཅས་ཀྱི་ཚན་རིག་སྒྲིག་ཆས་ཆེ་གྲས20ལ་སླེབས་ཡོད། ཀྲང་ཅང་ཚན་རིག་གྲོང་དུ། ཚན་རིག་ཞིབ་འཇུག་མི་སྣས་ཕེ་ཝ100ཡི་ཚད་བརྒལ་དང་ཚད་བརྒལ་ཐུང་བའི་སྐུལ་འོད་ཚོད་ལྟའི་སྒྲིག་ཆས་ཞིབ་བཟོ་བྱེད་བཞིན་ཡོད་པ་དང་། བསྐྲུན་ཟིན་པའི་ཕེ་ཝ10ཡི་སྒྲིག་ཆས་དེ་ནུས་ཚད་མཐོ་བའི་སྟུག་ཚད་དངོས་ལུགས་དང་རྣམ་པ་གསར་པའི་རིལ་རྡུལ་འགྲོས་སྣོན་འཕྲུལ་ཆས་སོགས་མདུན་གྲལ་གྱི་རྨང་གཞིའི་ཚན་རིག་ཞིབ་འཇུག་ནང་དངོས་སུ་སྤྱོད་བཞིན་ཡོད།
དེང་གི་ཀྲུང་གོར་བལྟས་ཚེ། ཚན་རིག་སྒྲིག་ཆས་ཆེན་པོ་རེ་རེ་བཞིན་ལས་ཆོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ཅིང་། གསར་གཏོད་རྣམ་པའི་ཁེ་ལས་རེ་རེ་བཞིན་གང་སར་ཁྱབ་བཞིན་ཡོད་ལ། ཆུ་ཚད་མཐོ་བའི་འཇོན་མི་ཁག་གཅིག་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་ཡོད་པ་བཅས་ཀྱིས། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱེད་རྒྱུ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་པ་ཡིན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་སྒུལ་ནུས་སྣོན་ཐུབ་ངེས་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།