ཀྲུང་ཧྭའི་རིག་གནས་ཀྱི་འཕར་རྩ་ལ་སྔར་ལས་སྲུང་སྐྱོབ་གང་ལེགས་བྱས་ནས་ཚན་རྩལ་གྱི་ནུས་པས་རིག་དངོས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།
2024.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

རིག་དངོས་དང་རིག་གནས་ཤུལ་བཞག་གི་ཁྲོད་དུ་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། དེ་ནི་སླར་སྐྱེས་མི་ཐུབ་པ་དང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཀྲུང་ཧྭའི་ཕུལ་བྱུང་ཤེས་རིག་གི་ཐོན་ཁུངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་ལག་རྩལ་སྤྱད་དེ་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་གསུངས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། གནའ་རྫས་རྟོག་ཞིབ་སྔོག་འདོན་གང་ལེགས་བྱས་ནས། རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་བར་དང་། རིན་ཐང་འཆད་འགྲེལ་ནས་འགྲེམས་སྟོན་བརྒྱུད་སྤེལ་བར་དུ། རིག་དངོས་དང་ཚན་རྩལ་ཟུང་འབྲེལ་སྔར་ལས་དམ་ཟབ་ཅན་དུ་ཕྱིན་ནས། ཚན་རྩལ་གསར་གཏོད་དེ་རིག་དངོས་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སུ་གྱུར་ཡོད།

ཅིན་ཏི་གྲོང་རྡལ་དུ། ལོ་ངོ་ཉིས་སྟོང་ལྷག་གི་རྫ་ཆས་བཙོ་སྦྱང་གི་ལོ་རྒྱུས་ཡོད་ཅིང་། ལོ་ངོ་ཆིག་སྟོང་ལྷག་གི་དཔོན་སྲེག་དོང་གི་ལོ་རྒྱུས་ཡོད་ལ། ལོ་ངོ་དྲུག་བརྒྱ་ལྷག་གི་ གོང་མའི་སྲེག་དོང་གི་ལོ་རྒྱུས་བཅས་ཡོད་པས། གནས་དེ་གར་ཕུན་སུམ་ཚོགས་པའི་དཀར་ཆས་ལས་རིགས་ཀྱི་མ་ལག་དང་རིག་གནས་ཤུལ་བཞག་མ་ཉམས་སོར་འཇོག་བྱས་ཡོད། གནའ་བཟང་དེང་སྤྱོད་ཇི་ལྟར་མངོན་འགྱུར་བྱེད་དགོས། འཛམ་གླིང་ཧྲིལ་པོའི་གནའ་བོའི་རྫ་དཀར་གཞི་རྒྱུའི་མཛོད་ཐོག་མ་སྟེ། ཅིན་ཏི་གྲོང་རྡལ་གནའ་བོའི་རྫ་དཀར་གཞི་རྒྱུའི་མཛོད་དངོས་སུ་བཙུགས་པ་དེས། ཐོད་བརྒལ་གྱི་གནས་ཤིག་ངང་གིས་བཏོད་ཡོད། གནའ་བོའི་དཀར་ཆས་ཤིག་ཚན་རིག་ཞིབ་འཇུག་མི་སྣའི་ལག་ཏུ་ཡོང་མ་ཐག་ཏུ། རྒྱན་རིས་དང་མཐུད་སྦྱོར་སོར་ཆུད་ཡོ་བྱད་ཀྱི་རྣམ་པ། བརྡར་ཕྱེ་དབྱེ་ཞིབ་རྒྱུ་ཆ་དང་ཐ་ན་སྲེག་པའི་དྲོད་ཚད་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པར་མ་ཟད། གནའ་བོའི་དཀར་ཆས་དེ་ལ་བརྟེན་ནས་ཉུང་མཐར་ཡང་ཆ་འཕྲིན་བརྒྱ་ལྷག་དབྱེ་ཞིབ་བྱེད་ཐུབ་པའི་དབང་གིས། མ་འོངས་པར་ གནའ་བོའི་དཀར་ཆས་ལས་རིགས་ཀྱི་རྩེར་སོན་དུས་སྐབས་ཀྱི་ཤེས་རིག་གི་གསང་ཨང་བརྟོལ་ཐུབ་ངེས་ཡིན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་དུས་རབས་གསར་པའི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས”ཞེས་དང་། “ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་ཐེངས་མང་གནང་ནས། “རིག་དངོས་སྔོག་འདོན་དང་ཞིབ་འཇུག་སྲུང་སྐྱོབ་ལས་དོན་བརྒྱུད་དེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས”ཞེས་བསྟན་ཡོད།

བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། རང་རྒྱལ་གྱིས་རིམ་རྩིས་བྱས་ན་དྲ་ཐོག་ནས་གནའ་གཞུང་གཞི་གྲངས་ཐོན་ཁུངས་འབུམ་གཅིག་དང་ཁྲི་གསུམ་ལྷག་དངོས་སུ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཡོངས་སུ་ཐོ་འགོད་སྙན་ཞུ་ཕུལ་ཟིན་པའི་དངོས་མང་བཤམས་སྟོན་ཁང་དྲུག་སྟོང་བརྒྱད་བརྒྱ་སོ་གསུམ་ཡོད་ཅིང་། 2023ལོར་འགྲེམས་སྟོན་ཐེངས་ཁྲི་བཞི་ལྷག་བྱས་ཡོད་ལ། ལྟད་མོ་བ་མི་ཐེངས་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་དགུ་ཡི་ཡིད་དབང་ཅིག་ཅར་དུ་འཕྲོག་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད།

རིག་གནས་ལ་རྩ་བ་ཡོད་པ་དང་ཤེས་རིག་ལ་འབྱུང་ཁུངས་ཡོད། 《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་དགོས་པའི་སྐོར་གྱི་བསམ་འཆར》དངོས་སུ་ཁྱབ་སྒྲོག་བྱས་པ་ནས་བཟུང་། ལྕགས་རི་རིང་པོ་དང་ཏ་ཡོན་གཙང་པོ། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཐད་བཀོད་སྒྲིག་གང་ལེགས་བྱས་ཡོད་ལ། དུས་མཚུངས་སུ། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་བཟོ་སྐྲུན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས”འདུ་ཤེས་ཀྱི་ཁྲིད་སྟོན་འོག་ཏུ། ཀྲུང་ཧྭའི་རིག་གནས་ཀྱི“དཔྱིད་ཆུ་བསྐྱིལ་སའི་རྫིང་བུ་ལ”སྐྱེ་སྟོབས་ཀྱི་དཔལ་ཡོན་ངང་གིས་འབར་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གཟི་འོད་གསར་པ་ཟམ་མི་ཆད་པར་རབ་ཏུ་འཕྲོས་ནས། མི་རྣམས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་རང་རློམ་གསོ་སྐྱོང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།