
“མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་བརྟན་པོ་བཟོས་ནས། མི་རིགས་བསྐྱར་དར་ལ་མཉམ་དུ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་སྙིང་ཡིན་པའི། 2024ལོའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཧྲན་ཏུང་ཆིན་ཏའོ་རུ་འཚོགས། མཚོ་འགག་འགྲམ་གཉིས་ནས་ཡོང་བའི་འབྲེལ་ཡོད་མི་སྣ་དང་ཆེད་མཁས་པ། རིག་གནས་པ་བཅས་བརྒྱ་དང་བཞི་བཅུ་ལྷག་ཚོགས་འདུར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཆིའུ་ཁའེ་མེན་གྱིས་ཤིས་ཚིག་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐའེ་ཝན་ལས་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། སྐྱོད་ལམ་གསར་པའི་སྟེང་གི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་ཁ་གསལ་བཟོས་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ནང་ཞུགས་རྒྱུར་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་བསྐྲུན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་མངོན་སུམ་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་མུ་མཐུད་འཐུས་ཚང་དུ་བཏང་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཡི་ཁེ་ལས་སྐམ་ས་ཆེན་མོ་རུ་རྩ་བ་ཚུགས་ནས་འཕེལ་རྒྱས་གཏོང་བར་ཆ་རྐྱེན་སྔར་ལས་གང་ལེགས་བསྐྲུན་དགོས་ཞེས་བསྟན།
ཆིའུ་ཁའེ་མེན་གྱིས་གནའ་ནས་ད་ལྟའི་བར་དུ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གཏན་ནས་གཏོར་བརླག་བཏང་མ་མྱོང་ལ། སྐམ་ས་ཆེན་མོ་དང་ཐའེ་ཝན་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པའི་དོན་དངོས་གནས་ཚུལ་ལ་འགྱུར་ལྡོག་གཏན་ནས་བྱུང་མྱོང་མེད་པར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་རྣམས་ཐག་ཇེ་ཉེར་གཏོང་བ་དང་ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གཏན་ནས་མཚམས་འཇོག་བྱས་མྱོང་མེད། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་བདེན་དོན་རྒྱུན་འཁྱོངས་དང་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཀྲུང་གོ་གཅིག་གི་རྩ་དོན་མཚོན་ཐུབ་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན་གྱི”ཁ་བྲལ་བྱེད་ཕྱོགས་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཁྲོད་འབད་པས་ཞུགས་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཡི་ཞི་བའི་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་ནུས་ལྡན་བཏང་ནས། མཉམ་དུ་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།