ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁཱ་དང་གྲོས་མོལ་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ8པའི་ཚེས18ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁཱ་དང་གྲོས་མོལ་གནང་།
ལིས་ཆང་གིས་བསྟན་དོན། ཧྥེ་ཅི་ནི་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྥེ་ཅི་དེ་ཞི་བདེ་རྒྱ་མཚོ་ལྷོ་མའི་ས་ཁུལ་གྱི་མཉམ་ལས་ཟླ་གྲོགས་གལ་ཆེ་ཤོས་ཀྱི་གྲས་སུ་བརྩི་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལི་ལ་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་མཉམ་དུ་འགོད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྥེ་ཅིའི་མི་དམངས་ཀྱིས་རང་བདག་ངང་གདམ་གསེས་བྱས་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཧྥེ་ཅི་ཕྱོགས་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་དང་། མུ་མཐུད་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ངོ་མ་ཞིག་ཏུ་འགྱུར་བ། མཐོ་རིམ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ནས་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ཅི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་རྨང་གཞིའི་སྒྲིག་བཀོད་དང་། ཞིང་ལས་ཉ་ལས། ཡང་བའི་བཟོ་ལས། སློབ་གསོ། ཡུལ་སྐོར། དབུལ་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་སྔར་ལས་ལེགས་པ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ཅི་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཧྥེ་ཅི་རུ་ཡོང་ནས་དངུལ་གཏོང་ལས་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཧྥེ་ཅི་ནི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། ཧྥེ་ཅི་ཕྱོགས་ཀྱིས་བཏོན་པའི “ཞི་བདེའི་རྒྱ་མཚོའི”འདུན་པ་ལ་བསྟོད་བསྔགས་བྱ་རྒྱུ་དང་། ཞི་བདེ་རྒྱ་མཚོ་གླིང་ཕྲན་རྒྱལ་ཁབ་ཀྱིས《ཞི་བདེ་རྒྱ་མཚོ་སྔོན་པོའི2050འཐབ་ཇུས》ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། ཞི་བདེ་རྒྱ་མཚོ་གླིང་ཕྲན་རྒྱལ་ཁབ་དང་འབྲེལ་གཏུག་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་ཧུར་ཐག་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མཉམ་དུ་དར་སྤེལ་གཏོང་འདོད་ཡོད་ཅེས་གསུངས།
ལན་པུའུ་ཁཱ་ཡིས་བསྟན་དོན། ཧྥེ་ཅི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་དང་། ཉིན་བཞིན་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་ཤུགས་རྐྱེན་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ཧྥེ་ཅི་དཀའ་ངལ་ལ་འཕྲད་སྐབས་སྒེར་སེམས་མེད་པའི་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥེ་ཅི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ནི་བློ་གཏད་ཆོག་པའི་ཟླ་གྲོགས་སུ་བརྩི་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་།རྨང་གཞིའི་འཛུགས་སྐྲུན། ཞིང་ལས་ཉ་ལས། ཡུལ་སྐོར། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཧྥེ་ཅི་དང་ཀྲུང་གོའི་རོགས་རེས་འབྲེལ་བའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་གཏོད་འདོད་ཡོད། “ཞི་བདེའི་རྒྱ་མཚོའི”འདུན་པ་དེ་ཀྲུང་གོ་ཕྱོགས་ཀྱིས་དར་སྤེལ་གཏོང་བའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་འདུ་ཤེས་དང་གཅིག་མཚུངས་ཡིན་པ་དང་དམིགས་འབེན་གཅིག་མཚུངས་ཡིན་པས། ཧྥེ་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བར་སྐུལ་འདེད་བཏང་ནས《ཞི་བདེ་རྒྱ་མཚོ་སྔོན་པོའི2050འཐབ་ཇུས》མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་མཉམ་དུ་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།
གྲོས་མོལ་མ་བྱས་གོང་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལན་པུའུ་ཁཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།