​ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་དང་ཨ་ལེ་སྤྲིན་རྩིས་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད།
2024.08.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ8པའི་ཚེས17ཉིན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་དང་།  ཨ་ལེ་སྤྲིན་རྩིས་དང་མཉམ་དུ་ཟི་ལིང་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཀྲུང་གོ་མཉམ་འབྲེལ་འཕྲིན་གཏོང་སྡེ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཁྲིན་ཀྲུང་ཡུའེ་དང་། ཨ་ལེ་སྤྲིན་རྩིས་ཀྱི་གསར་གཏོད་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཅན་སོགས་དང་བཞུགས་མོལ་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲིན་ཀྲུང་ཡུའེ་དང་ཝང་ཅན་སོགས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀྲུང་གོའི་མཉམ་འབྲེལ་འཕྲིན་གཏོང་དང་ཨ་ལེ་སྤྲིན་རྩིས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་ཆེན་པོ་གནང་བ་དང་ཐེངས་གསུམ་ལ་མཐོ་སྒང་དུ་རྟོག་ཞིབ་ལ་ཕེབས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་ཁ་ཕྱོགས་གསལ་བོ་བསྟན་ཡོད། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་འདྲེས་པར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་དང་། “མཐོ་ས”བསྐྲུན་པ་དང་“གནས་བཞི”འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཞིག་ཀྱང་ཡིན། ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་སྟེང་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ཐད་མཉམ་ལས་ཟབ་མོ་བྱེད་རྒྱུའི་རེ་བ་ཡོད་ཟེར།

ཁྲིན་ཀྲུང་ཡུའེ་དང་ཝང་ཅན་གཉིས་ཀྱིས་བསྟན་དོན། གཞི་གྲངས་ཅན་གྱི་དུས་རབས་སུ་རྩིས་ནུས་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་ཡིན་པའི་ངོས་ནས་ས་གནས་སོ་སོའི་གཞི་གྲངས་དཔལ་འབྱོར་འཐབ་ཇུས་འགྲན་རྩོད་ཀྱི་གནད་གསར་པ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ནི་ལྗང་མདོག་རྩིས་ནུས་དང་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རང་བྱུང་གི་གནས་བཟང་བོ་ཞིག་ཡིན་པ་དང་། ཀྲུང་གོའི་མཉམ་འབྲེལ་འཕྲིན་གཏོང་དང་ཨ་ལེ་སྤྲིན་རྩིས་ཀྱིས་གྲོས་མཐུན་གྱི་ནང་དོན་སོ་སོ་དོན་འཁྱོལ་ཞིབ་མོ་བྱས་ཏེ། མཉམ་ལས་དེ་སྐས་རིམ་གསར་པར་སྐུལ་འདེད་གཏོང་བ་དང་། བརྒལ་གཏོར་གསར་པ་མངོན་འགྱུར་འབྱུང་བ། གྲུབ་འབྲས་གསར་པ་ཐོབ་པར་བྱས་ནས་སྔར་ལས་གཞི་རྒྱ་ཆེ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།

གྲོས་མཐུན་གཞིར་བཟུང་ན། ཕྱོགས་གསུམ་པོས་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་དང་། འཁྱག་བསིལ་ནམ་ཟླ། འཐབ་ཇུས་ས་ཁོངས་སོགས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ཨ་ལེ་སྤྲིན་རྩིས་ཀྱི་མིས་བཟོས་རིག་ནུས་ཐོན་རྫས་ཀྱི་སྐྱེ་ཁམས་དང་གསར་སྐྲུན་ཐོན་ཁུངས་སོགས་ཐད་ཀྱི་ལག་རྩལ་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཀྲུང་གོའི་མཉམ་འབྲེལ་འཕྲིན་གཏོང་གི་རྩིས་ནུས་རིག་པའི་དྲ་སྦྲེལ་དང་གཞི་གྲངས་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་གློག་རྩིས་གྲངས་ཀའི་དྲ་བ་གཞི་གཅིག་ཅན་གྱི་ཐོན་ལས་ཚད་གཞི་བསྐྲུན་རྒྱུ་དེ་མཚོ་སྔོན་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བའི་ནང་མཉམ་འདྲེས་ཟབ་མོ་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གྲོས་མཐུན་སྟེང་མིང་བཀོད་པ་དང་། ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་། ལིའུ་ཁྲའོ་གཉིས་ཚོགས་འདུར་ཞུགས།

ཚེ་རིང་སྒྲོལ་མས་བསྒྱུར།