ཟླ8པའི་ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། 《ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་ཞབས་ཞུའི་ཚོང་དོན་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》དང《ཕྱི་རྒྱལ་ཚོང་པའི་དངུལ་འཇོག་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱེད་ཐབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《ཁྲིམས་སྲོལ་དང་སྒྲིག་སྲོལ་ཐོ་འགོད་ཞིབ་བཤེར་སྲོལ་ཡིག》དང《གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཅང་སུའུ་ཞུའུ་ཝེ་ཡི་དུས་སྐབས་དང་པོའི་བཟོ་སྐྲུན་སོགས་ཉིང་རྡུལ་གློག་གི་རྣམ་གྲངས་ལྔ་ལ་ཞིབ་མཆན་འགོད་རྒྱུའི་གཏན་འབེབས་བྱས།
གྲོས་ཚོགས་ལས་བསྟན་དོན། མགྱོགས་མྱུར་སྒོས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་པའི་ལྡོག་མེད་ཀྱི་བླང་བྱ་རེད། ཞབས་ཞུའི་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཕྱོགས་ཞིབ་ཐོ་ལག་བསྟར་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣ་དང་མ་དངུལ། ལག་རྩལ་གྲུབ་འབྲས། གཞི་གྲངས་སོགས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་རྒྱལ་ཁོངས་བརྒལ་བའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ཉོ་ཚོང་གི་གཙོ་གནད་ཁྱབ་ཁོངས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་དང་དངོས་ཟོག་ཉོ་འཚོང་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། དངུལ་རྩ་དང་བློ་འདྲི། ཇུས་འགོད། ར་སྤྲོད་ཁས་ལེན་སོགས་ཆེད་ལས་ཞབས་ཞུ་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཞབས་ཞུའི་ཉོ་འཚོང་གི་འཕར་གཞི་གསར་པ་གཏོད་དགོས།
གྲོས་ཚོགས་ལས་བསྟན་དོན། ཕྱི་རྒྱལ་གྱི་དངུལ་གཏོང་ཆོག་འཐུས་སྔར་ལས་ཇེ་ལྷོད་དུ་གཏོང་བ་དང་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་རྒྱལ་གྱི་དངུལ་གཏོང་ཆོག་འཐུས་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ། གློག་འཕྲིན་དང་སློབ་གསོ། སྨན་བཅོས་སོགས་ཞབས་ཞུའི་ཁྱབ་ཁོངས་ལ་སྒོ་འབྱེད་རྒྱུར་སྐུལ་འདེད་དམ་འཛིན་བྱེད་དགོས། གནས་བབ་གསར་པ་དང་འཚམ་པའི་ཕྱི་རྒྱལ་གྱི་དངུལ་གཏོང་སྲིད་ཇུས་ཇེ་ལེགས་སུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པའི་ལུགས་མཐུན་གྱི་རེ་འདུན་ལ་དུས་ཐོག་ཏུ་ལན་སློག་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་དངོས་སྒྲུབ་བྱེད་ཐབས་སྔར་ལས་མང་པོ་འདོན་དགོས།
གྲོས་ཚོགས་ལས《ཁྲིམས་སྲོལ་སྒྲིག་སྲོལ་ཐོ་འགོད་རྩིས་བཤེར་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། “ངེས་པར་དུ་དགོས་པ་དང་། གྲ་སྒྲིག་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱེད་དགོས”པ་རྒྱུན་འཁྱོངས་བྱས་ཏེ། ས་གནས་དང་སྡེ་ཁག་གི་ཁྲིམས་འཛུགས་དང་གོང་རིམ་བཅའ་ཁྲིམས་གཉིས་གཅིག་མཐུན་མིན་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པ། ཚོང་གཉེར་ཁོར་ཡུག་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ལ་གཙོ་གནད་སྒོས་དོ་སྣང་བྱས་ཏེ། སྤུས་ལེགས་ཕན་མཐོའི་ཐོ་འགོད་རྩིས་བཤེར་བྱ་བ་བཟང་པོར་སྒྲུབ་དགོས། གྲོས་ཚོགས་ལས《གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་དང་ཟུང་འབྲེལ་བྱས་ནས་ལག་བསྟར་བྱས་ཏེ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་དང་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་ལས་བསྟན་དོན། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ། ཚན་རྩལ། ཐོན་ལས། ཤེས་ལྡན་མི་སྣ་སོགས་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྦྲེལ་ཐག་ཧྲིལ་པོའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། སྐས་རིམ་གསོ་སྐྱོང་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་བྱེད་པ། སྤྱི་པའི་ཞབས་ཞུ་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཁེ་ལས་ཀྱི་དཀའ་ཁག་དངོས་ཐག་གཅོད་བྱེད་རོགས་བྱ་དགོས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་གསར་པ་གཞི་གྲངས་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བདེ་འཇགས་ནི་ཉིང་རྡུལ་གློག་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པས་ཉིང་རྡུལ་གློག་གི་བདེ་འཇགས་ལག་རྩལ་ཆུ་ཚད་དང་ཉེན་ཁ་སྔོན་འགོག་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། སྦྲེལ་ཐག་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཉིང་རྡུལ་གློག་གི་བདེ་འཇགས་ལ་ནོར་འཁྲུལ་གཏན་ནས་མི་འབྱུང་བའི་འགན་སྲུང་བྱས་ནས། ལས་རིགས་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
ཤ་བོ་རིན་མཚོས་བསྒྱུར།